ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་གྱི་གྲོས་མོལ་ལས་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།
2025.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས28ཉིན་ཨུ་རུ་སིའི་བརྙན་འཕྲིན་གསར་འགོད་པ་ཀྲ་ལུའུ་པེན་གྱིས་བཏོན་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། མ་འོངས་པར་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་སྐབས། ཨུ་རུ་སི་ཡིས་རང་སྟེང་གི་ཁེ་ཕན་དང་འཚམ་པའི་མཇུག་འབྲས་འབྱུང་དུ་འཇུག་རྒྱུ་ཡིན་ཟེར།

ཀྲ་ལུའུ་པེན་གྱིས་དྲ་ཐོག་ཏུ་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མི་གང་རུང་ལ་གྲོས་མོལ་བྱེད་པར་ངོ་རྒོལ་མི་བྱེད་ཀྱང་། ཆེས་མཇུག་མཐར་བཀོད་པའི་ཡིག་ཆ་དེ་ནི་གཟབ་ནན་གྱི་གནད་དོན་གལ་ཆེན་ཡིན་པས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དུས་ཡུན་རིང་བོའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། ཁོས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཀོད་པའི་ཡིག་ཆར་ཆད་སྐྱོན་གང་ཡང་འབྱུང་མི་རུང་བ་དང་། ཡོད་ཚད་ཧ་ཅང་ཡང་དག་ཡིན་དགོས་ཟེར།

ཕུའུ་ཅིན་གྱིས་བལྟས་ན། ཝུའུ་ཁི་ལན་གྱི་རྩ་ཁྲིམས་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་རྒྱལ་ཁབ་འཐབ་འཁྲུག་གི་རྣམ་པར་གནས་ཀྱང་རང་ཉིད་ཀྱི་འགན་ཡུན་ཇེ་རིང་དུ་གཏོང་བའི་དབང་ཆ་མེད་པ་དང་། ཙུང་ཐུང་གི་འགན་ཡུན་ཇེ་རིང་དུ་གཏོང་གྲོས་ཁང་གིས་གཏོང་དགོས། ཙེ་ལེན་སི་ཅི་ནི་ཁྲིམས་འགལ་གྱི་ཙུང་ཐུང་ཞིག་ཡིན་པའི་དབང་གིས། ཁོས་ཝུའུ་ཁི་ལན་གྱི་ཚབ་བྱས་ཏེ་ཨུ་རུ་སིའི་བར་ཡིག་ཆ་གང་རུང་འགོད་པའི་དབང་ཆ་མེད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཙེ་ལེན་སི་ཅི་ཡིས་དེའི་སྔོན་བཀོད་པའི་ཨུ་རུ་སིའི་བར་གྲོས་མོལ་བྱེད་པ་གཏན་འགོག་གི་བཀའ་རྒྱ་རྩིས་མེད་དུ་མ་བཏང་ན། ད་ལྟ་ཝུའུ་ཁི་ལན་བར་གྲོས་མོལ་བྱས་ཀྱང་གྲོས་མོལ་དེ་ཡང་ཁྲིམས་འགལ་ཡིན་ཟེར། ཁོས་བལྟས་ན། ཝུའུ་ཁི་ལན་གྱིས་ཁྲིམས་མཐུན་ཐབས་ལམ་བརྒྱུད་དེ་བཀའ་རྒྱ་དེ་རྩིས་མེད་དུ་བཏང་ཆོག་པར་འདོད། ཝུའུ་ཁི་ལན་གྱི་རྩ་ཁྲིམས་ལྟར་ན། བྱ་བ་དེ་གྲོས་ཁང་གི་ཀྲུའུ་ཞི་ཡིས་ཡོངས་འགྲུབ་བྱས་ཆོག་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔར་ཝུའུ་ཁི་ལན་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་རེ་འདུན་བཏོན་པ་མཐོང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།