ཀི་པིན་ཧཱ་ཀིན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་གྱི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱེད་པའི་འཇིགས་སྐུལ་བྱས་པར་དམིགས་ནས། ཏན་མག་སྲིད་གཞུང་གིས་ཚེས27ཉིན་ཁྱབ་བསྒྲགས་བྱས་དོན། གླིང་སྣེ་བྱང་མ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མ་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
ཏན་མག་གི་རྒྱལ་སྲུང་བློན་ཆེན་པའོ་ཨར་སིན་གྱིས་ཉིན་དེར་ཀི་པིན་ཧཱ་ཀིན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཏན་མག་གིས་མེ་སྒོར་ཐེར་འབུམ་གཉིས་ཙམ་བཏང་སྟེ། ཀི་ལིན་ལན་གླིང་ཕྲན་དང་བཅས་པའི་གླིང་སྣེ་བྱང་མ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མ་ས་ཁུལ་གྱི་དམག་དོན་འགོག་སྲུང་གི་འཆར་་གཞི་གསར་བའི་ཐད་བཀོལ་རྒྱུ་ཡིན་པ་དང་། བྱེ་བྲག་གི་འཆར་གཞི་ལ་རྣམ་པ་གསར་བའི་གླིང་སྣེ་བྱང་མའི་མཚོ་དམག་གྲུ་གཟིངས་གསུམ་ཉོ་བསྡུ་བྱེད་པ་དང་། རྒྱང་བསྟེན་མི་མེད་གནམ་གྲུ་གཉིས་ཁ་སྣོན་བྱེད་རྒྱུ་མ་ཟད། འཁོར་སྐར་ལྟ་ཞིབ་མ་ལག་གི་རིམ་པ་ཇེ་མཐོར་གཏོང་བ་དང་། ཀི་ལིན་ལན་གླིང་ཕྲན་དང་དེའི་ཉེ་འཁོར་ས་ཁུལ་གྱི་གསང་འཕྲིན་ལྟ་རྟོག་ལ་ཤུགས་སྣོན་བྱས་ཏེ། ཞོར་དུ་ཀི་ལིན་ལན་གླིང་ཕྲན་གྱི་རྨང་གཞིའི་དམག་དོན་སྦྱོང་བརྡར་མི་གྲངས་ཇེ་མང་དུ་གཏོང་བ་སོགས་འདུས་ཟེར།
པའོ་ཨར་སིན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་གླིང་སྣེ་བྱང་མ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་བདེ་འཇགས་དང་འགོག་སྲུང་ཁྱབ་ཁོངས་དེ་འགྲན་རྩོད་ཚབས་ཆེན་ལ་འཕྲད་པའི་དོན་དངོས་ལ་གདོང་གཏོད་དགོས་ཟེར། ཁོས་བཤད་རྒྱུར། ཏན་མག་གི་སྲིད་ཏང་སོ་སོས་འཆར་གཞི་དེར་གྲོས་མཐུན་བཀོད་ཡོད་པ་དང་། མིག་སྔར་འཆར་གཞི་དེ་མགོ་བརྩམས་པ་ཙམ་ཡིན་ལ། སྲིད་ཏང་སོ་སོས་ད་ལོའི་ལོ་སྟོད་ལ་མུ་མཐུད་དུ་གོང་གི་ས་ཁོངས་དེའི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་པའི་གྲོས་མཐུན་འགོད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས27ཉིན་སྨྱན་བྱད་ལ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཏན་མག་དང་དེའི་རང་སྐྱོང་མངའ་ཁོངས་ཀི་ལིན་ལན་གླིང་ཕྲན་ལ་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མིག་སྔར་ཀི་ལིན་ལན་གླིང་ཕྲན་གནད་དོན་ཐད་ནས་གྲོས་མོལ་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།