ཧྲ་ལཱ་ཡིས་སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་གི་འགན་ཁུར།
2025.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

སི་རི་ཡཱའི་ཆེས་མཐོའི་དམག་དོན་ཐབས་ཇུས་ལས་ཁུངས་དམག་དོན་འགུལ་སྐྱོད་དོ་དམ་ཅུའུ་ཡི་མགྲིན་ཚབ་པ་ཅཱ་ནེ་ཡིས་ཚེས29ཉིན་ཁྱབ་བསྒྲགས་བྱས་དོན། དམག་དོན་འགུལ་སྐྱོད་དོ་དམ་ཅུའུ་ཡི་སྤྱི་ཁྱབ་བཀོད་འདོམ་པ། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་མགོ་ཁྲིད་པ་ཧྲ་ལཱ་ཡིས་བར་བརྒལ་དུས་སྐབས་སུ་སི་རི་ཡཱའི་ཙུང་ཐུང་གི་འགན་ཁུར་རྒྱུ་རེད་ཟེར།

སི་རི་ཡཱ་ཡིས་ཉིན་དེར་དྲག་ཆས་ཕྱོགས་ཁག་སོ་སོའི་འཐུས་མི་ཞུགས་པའི་གྲོས་ཚོགས་བསྡུས། ཧྲ་ལཱ་ཡིས་གཏམ་བཤད་སྤེལ་ཏེ། སི་རི་ཡཱའི་མིག་སྔའི་ལས་དོན་གཙོ་བོ་ནི་དབང་ཤུགས་ཀྱི་སྟོང་ཆ་བསྐང་བ་དང་། རྒྱལ་ནང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ལས་ཁུངས་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སི་རི་ཡཱའི་རྒྱལ་སྤྱི་དང་ས་ཁུལ་གྱི་གོ་གནས་སླར་གསོ་བྱེད་པ་བཅས་རེད་ཟེར།

ཅཱ་ནེ་ཡིས་གྲོས་ཚོགས་སྐབས་སུ་ཁྱབ་བསྒྲགས་བྱས་དོན། ཧྲ་ལཱ་ཡིས་བར་བརྒལ་དུད་སྐབས་སུ་སི་རི་ཡཱའི་ཙུང་ཐུང་གི་འགན་ཁུར་རྒྱུ་མ་ཟད། བར་བརྒལ་དུས་སྐབས་ཀྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་ཡོད་ལ། ཨུ་ཡོན་ལྷན་ཁང་དེས་རྒྱལ་ཁབ་ཀྱི་དུས་གཏན་གྱི་རྩ་ཁྲིམས་ལ་ཆོག་མཆན་མ་ཐོབ་གོང་ནུས་ལྡན་དུ་གྱུར་ནས་ལས་འགན་ལག་བསྟར་བྱེད་རྒྱུ་རེད་ཟེར།

ཅཱ་ནེ་ཡིས་ད་རུང་ཁྱབ་བསྒྲགས་བྱས་དོན། སི་རི་ཡཱའི2012ལོའི་རྩ་ཁྲིམས་རྩིས་མེད་དུ་གཏོང་བ་དང་། སི་རི་ཡཱའི་གྲོས་ཁང་གཏོར་བ། པཱ་ཧྲ་ཨར་ཨ་སཱ་ཏིའི་སྲིད་དབང་གི་དམག་དཔུང་། དམངས་དམག་དྲག་ཆས་པ། བདེ་འཇགས་ལས་ཁུངས་ཚང་མ་གཏོར་བ། སི་རི་ཡཱའི་ཨ་རབ་བསྐྱར་དར་སྤྱི་ཚོགས་ཏང་དང་རྒྱལ་ཡོངས་གོང་འཕེལ་འཐབ་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་སྲིད་ཏང་གཞན་པ་གཏོར་བ། དམག་དོན་ཕྱོགས་ཁག་ཚང་མ་གཏོང་ནས་དེ་དག་རྒྱལ་ཁབ་ལས་ཁུངས་སུ་བསྡུ་སྒྲིག་བྱེད་རྒྱུ་ཡིན་ཟེར།

ཧྲ་ལཱ་ནི1982ལོར་སི་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྐྱེས་པ་དང་། ཕ་ཡུལ་ནི་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཀི་ལན་མཐོ་ས་རེད། སི་རི་ཡཱའི་ནང་འཁྲུག་བྱུང་རྗེས། ཧྲ་ལཱ་ཡིས་རྒྱབ་སྐྱོར་འཐབ་ཕྱོགས་དང་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པ་སོགས་དྲག་ཆས་རྩ་འཛུགས་བཙུགས་ནས་མགོ་ཁྲིད་པའི་འགན་ཁུར་བ་རེད། ན་ནིང་ཟླ12པའི་ཚེས8ཉིན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པས་ཏཱ་མཱ་ཧྲི་ཀི་བཅིངས་འགྲོལ་བྱས་ཏེ་ཨ་སཱ་ཏིའི་སྲིད་དབང་རྩ་རྫོགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།