ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་ཚེས28ཉིན་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།
ལོ་ལོན་སོ་ཡིས་ཉིན་དེར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤེལ་ཏེ་བསྟན་དོན། ཀྲུང་ཧྭའི་དཔལ་ཡོན་ལ་ཕུན་སུམ་ཚོགས་པའི་ནང་དོན་ལྡན་པ་དང་། ལུགས་རྙིང་ལོ་སར་ལ་རེ་བ་དང་སེམས་འདུན་གསར་བ་བཅོལ་ཡོད་པས། ཀྲུང་གོའི་མི་དམངས་ཀྱིས་ལོ་གསར་བའི་ནང་ཁྱིམ་ཚང་བདེ་སྐྱིད་དང་བྱ་གཞག་ཐམས་ཅད་བདེ་བླག་ངང་འགྲུབ་པའི་སྨོན་འདུན་ཞུས་པ་ཡིན་ཟེར།
ཁོས་བསྟན་དོན། ཀྲུང་གོས་ཨན་ཁོ་ལཱའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱས་པ་དང་། ཨན་ཁོ་ལཱ་རུ་ཡོད་པའི་ཀྲུང་གོ་བས་ཨན་ཁོ་ལཱའི་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།