ཀྲུང་གོའི་ལོ་སར་ལ་མཉམ་དུ་ཡོད་ཅེས་པའི་ལུགས་རྙིང་ལོ་སར་གྱི་མཚམས་སྦྱོར་བྱ་འགུལ་ཚེས29ཉིན་ཕོ་ལན་གྱི་རྒྱལ་ས་ཧྲ་ཧྭ་ཡི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྟེན་མཛོད་ཁང་དུ་སྤེལ། ཕོ་ལན་ལས་རིགས་སོ་སོའི་སྐུ་མགྲོན་བརྒྱ་ལྷག་གིས་བྱ་འགུལ་སྤེལ་སའི་ཡུལ་དངོས་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཀྲུང་གོའི་རིག་གནས་དང་ཀྲུང་ཧྭའི་བཟའ་བཏུང་ལ་མྱོང་རོལ་བྱས།
ཉིན་དེའི་བྱ་འགུལ་ཁྲོད། ཀྲུང་གོ་དང་ཕོ་ལན་ནས་ཡོང་བའི་མཁས་པ་དག་གིས་ཀྲུང་གོའི་ལོ་སར་གྱི་ངག་རྒྱུན་དང་སྲོལ་རྒྱུན་སྣ་ཚོགས་གསོན་ཉམས་ལྡན་པར་འགྲེལ་བརྗོད་བྱས་པ་དང་། ལོ་སར་གྱི་མགོ་མཇུག་བར་གསུམ་ཚང་མ་དང་། ལོ་རིས་བཅུ་གཉིས་སོགས་འགྲེལ་བརྗོད་བྱས། སྐུ་མགྲོན་དག་གིས་བྱ་འགུལ་སྤེལ་སི་ཡུལ་དངོས་ནས་ཀྲུང་གོའི་ཤོག་དྲས་དང་རྫ་ཆས་སོགས་ཀྲུང་གོའི་ལག་བཟོས་སྒྱུ་རྩལ་བརྩམས་ཆོས་ལ་བལྟས་པ་དང་། ཀྲུང་གོའི་ཞབས་བྲོ་དང་གླུ་གར། དྲག་རྩལ་བཅས་ཀྱི་འཁྲབ་སྟོན་ལ་རོལ་མྱོང་བྱས་པར་མ་ཟད། ཀྲུང་གོའི་བཟའ་བཏུང་ངོ་མའི་བྲོ་བ་མྱངས།
ཕོ་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུང་ལིན་ཅང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ན་ནིང་ཟླ12པར་ལུགས་རྙིང་ལོ་སར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོའི་ནང་བཞག་སྟེ། ཀྲུང་གོའི་ལུགས་རྙིང་ལོ་སར་དེ་འཛམ་གླིང་གི་ལུགས་རྙིང་ལོ་སར་དུ་གྱུར་བ་རེད། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྲོགས་པོས་དེ་རིང་གནས་འདི་ནས་སྦྲུལ་ལོའི་ལུགས་རྙིང་ལོ་སར་ལ་མཉམ་རོལ་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོའི་རིག་གནས་ལས་སྦྲུལ་ནི་བློ་གྲོས་དང་གསོན་ཤུགས་ཀྱི་མཚོན་རྟགས་ཡིན་ལ། ལོ་ལེགས་དང་བཀྲ་ཤིས་དགེ་མཚན་གྱི་མཚོན་དོན་ཡང་ལྡན། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དེས་སྦྲུལ་གྱི་ལོར་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཕོ་ལན་གྱི་སྨྱན་བྱད་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐི་ལཱ་ཆི་ཁི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལུགས་རྙིང་ལོ་སར་དེ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མིང་ཐོའི་ནང་ཚུད་པ་ལས། ཕོ་ལན་དང་ཐ་ན་འཛམ་གླིང་ཧྲིལ་བོ་ཀྲུང་གོའི་རིག་གནས་ལ་སྤྲོ་བ་ཆེས་ཆེར་འཕེལ་ཡོད། ཕོ་ལན་གྱི་མིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱས་ཤིང་། ཕོ་ལན་ལ་ལམ་ཡིག་མི་དགོས་པའི་སྲིད་ཇུས་བེད་སྤྱོད་བྱས་ཏེ་ཀྲུང་གོར་ཡོང་ནས་ལྟ་སྐོར་དང་མྱོང་རོལ་བྱས་ཆོག་ཟེར།
ཚོང་དོན་བློ་འདྲིའི་བྱ་བ་གཉེར་བའི་ཀི་ལཱ་ཡེ་ཧྥུའུ་སི་ཅི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བྱ་བའི་ཁྲོད་ནས་ཀྲུང་གོའི་སྐུ་མགྲོན་མང་བོར་འབྲེལ་འདྲིས་བྱས་ཀྱང་། འདི་ལྟར་ཕྱོགས་ཡོངས་ནས་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཧ་ཅང་ཉུང་། ཀྲུང་གོའི་ཐུན་མོང་མ་ཡིན་པའི་རིག་གནས་གྲུབ་ཆ་ནི་ཕོ་ལན་དང་རྒྱལ་ཁབ་མང་བོའི་མེད་པའི་སྣང་ཚུལ་ཞིག་ཡིན་པས་འགུག་ཤུགས་ཧ་ཅང་ཆེ་ཟེར།
ཐེངས་འདིའི་ཀྲུང་གོའི་ལོ་སར་ལ་མཉམ་དུ་ཡོད་ཅེས་པའི་ལུགས་རྙིང་ལོ་སར་གྱི་མཚམས་སྦྱོར་བྱ་འགུལ་དེ་ཕོ་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཕོ་ལན་སྨྱན་བྱད་མཐུན་ཚོགས། ཕོ་ལན་ཨེ་ཤ་ཡཱའི་ཚོང་ཚོགས། ཕོ་ལན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྟེན་མཛོད་ཁང་བཅས་ཀྱིས་མཉམ་དུ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།