ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་སྟེ་པུ་ཁི་ནཱ་ཧྥ་སོ་དང་མཱ་ལི། ནེ་ཀྲིར་བཅས་ཉིན་དེར་དངོས་སུ་རྩ་འཛུགས་དེ་ལས་ཕྱིར་བུད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ས་ཁོངས་ཀྱི་མཐུན་སྒྲིལ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་གཞིར་བཟུང་སྟེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་སྒོ་ཆེན་ཡངས་པོར་ཕྱེ་རྒྱུ་ཐག་བཅད་ཡོད། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱི་སྤྱི་དམངས་ལ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་མཚོན་བྱེད་ཅན་གྱི་ལམ་ཡིག་དང་དཔང་རྟགས། ལམ་ཡིག་མི་དགོས་པར་འགྲོ་འདུག་དང་གཏན་སྡོད་བྱེད་པའི་དབང་ཆ་ཡོད་པ་ཁས་ལེན་བྱས་པར་མ་ཟད། བརྡ་ཐོ་གཞན་ནས་གཏོང་རག་བར་མུ་མཐུད་དུ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཉོ་ཚོང་རང་དབང་ཅན་གྱི་འཆར་གཞི་དང་དངུལ་གཏོང་སྲིད་ཇུས་གཞིར་བཟུང་ནས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱི་དངོས་ཟོང་དང་ཞབས་ཞུ་དང་ལེན་བྱེད་རྒྱུ་ཡིན་ཟེར།
ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལི་དང་ནེ་ཀྲིར། པུ་ཁི་ནཱ་ཧྥ་སོ་བཅས་སུ་དམག་དོན་སྲིད་འགྱུར་བྱུང་རྗེས་རྒྱལ་ཁབ་དེ་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། 2024ལོའི་ཟླ་དང་པོར། པུ་ཁི་ནཱ་ཧྥ་སོ་དང་མཱ་ལི། ནེ་ཀྲིར་བཅས་ཀྱིས་མཉམ་འབྲེལ་སྒོས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་བུད་ནས་བཀག་སྡོམ་བྱེད་ཐབས་ལ་ངོ་རྒོལ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 2024ལོའི་ཟླ་གཉིས་པར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་དང་མཱ་ལི་སོགས་རྒྱལ་ཁབ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་རྩིས་མེད་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས། 2024ལོའི་ཟླ12པའི་ཚེས15ཉིན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་པུ་ཁི་ནཱ་ཧྥ་སོ་དང་མཱ་ལི། ནེ་ཀྲིར་བཅས་ལ་ཟླ་ངོ་དྲུག་གི་ལྷོད་ཡངས་གོ་སྐབས་བྱིན་ནས། རྩ་འཛུགས་དེ་ལས་ཕྱིར་འབུད་མིན་ལ་ཡང་བསྐྱར་བསམ་བློ་གཏོང་བར་སྟབས་བདེ་བཟོས།
ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ནི1975ལོར་བཙུགས་པ་དང་། དམིགས་ཡུལ་ནི་ས་ཁོངས་ཀྱི་གཞི་གཅིག་ཅན་ལ་ཤུགས་སྣོན་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཐད་ཀྱི་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། མཱ་ལི་དང་ནེ་ཀྲིར། པུ་ཁི་ནཱ་ཧྥ་སོ་བཅས་ཀྱིས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་མ་བྱས་གོང་། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པར་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ15ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།