ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་འཐུས་ཚབ་ཚོགས་པ་ཁྲིད་དེ་སི་རི་ཡཱ་རུ་འཚམས་འདྲི་བྱས།
2025.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཚེས28ཉིན་འཐུས་ཚབ་ཚོགས་པ་ཁྲིད་དེ་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་མགོ་ཁྲིད་པ་ཧྲ་ལཱ་དང་གྲོས་མོལ་བྱས། དེ་ནི་ན་ནིང་ཟླ12པར་སི་རི་ཡཱའི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་བྱུང་རྗེས་ཨུ་རུ་སིའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཐོག་དང་པོར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། སི་རི་ཡཱའི་བར་བརྒལ་དུས་རིམ་གྱི་ཁྲིམས་འཛིན་ལམ་ལུགས་ལ་བརྩི་འཇོག་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱ་ནས་མིག་སྔར་བྱུང་བའི་འགྱུར་ལྡོག་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། སི་རི་ཡཱ་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། སི་རི་ཡཱ་དང་ཨུ་རུ་སིའི་འབྲེལ་བས་ངེས་པར་དུ་འདས་པའི་ནོར་འཆུག་ཡོ་བསྲང་བྱས་ཏེ། སི་རི་ཡཱའི་མི་དམངས་ཀྱི་རེ་འདུན་ལ་བརྩི་འཇོག་བྱེད་དགོས་ཟེར། སི་རི་ཡཱ་ཕྱོགས་ཀྱིས་རྩ་དོན་ཡོད་པའི་སྒོག་ནས་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོའི་བར་མཉམ་ལས་བྱེད་པར་འབད་འབུངས་བྱས་ཏེ་སི་རི་ཡཱ་ལ་དྲང་བདེན་དང་ལ་རྒྱ། བདག་དབང་བཅས་རྨང་གཞིར་བྱས་པའི་མ་འོངས་པ་འཛུགས་སྐྲུན་བྱེད་རྒྱུ་བསྐྱར་སྒྲོག་བྱས།

གཞན་ཡང་ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཞེ་པཱ་ནེ་སོགས་དཔོན་རིགས་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་པ་དང་། གྲོས་མོལ་དེ་དུས་ཚོད་གསུམ་ཙམ་འགོར་ཡོད་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སི་རི་ཡཱའི་ཆབ་སྲིད་སྟོབས་ཤུགས་དང་མི་རིགས་ཆོས་ལུགས་ཚོགས་ཁག་ཚང་མ་མི་རིགས་མཐུན་སྒྲིལ་རྨང་གཞིར་བྱས་པའི་ཆབ་སྲིད་འཕེལ་རིམ་དེར་ཞུགས་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མི་རིགས་མཐུན་སྒྲིལ་ནི་སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་ཁག་ཐེག་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། བདག་དབང་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། སི་རི་ཡཱའི་གནས་བབ་གཏན་འཇགས་ཡོང་བར་རོགས་རམ་བྱེད་འདོད་ཡོད་ཟེར།

ཨུ་རུ་སིའི་སི་རི་ཡཱའི་ནུབ་ཕྱོགས་ཀྱི་ཐཱ་ཨར་ཐུའུ་སི་མཚོ་དམག་རྟེན་གཞིའི་སྐོར་ནས་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་སི་རི་ཡཱ་ཕྱོགས་གཉིས་ཀྱིས་ཐཱ་ཨར་ཐུའུ་སི་གྲུ་ཁའི་དོ་དམ་ཐད་ཀྱི་ལག་རྩལ་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་རྙེད་ནས་མུ་མཐུད་དུ་མཉམ་ལས་བྱེད་པར་འགན་སྲུང་ཐུབ་པར་ཡིད་ཆེས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།