ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས29ཉིན་བསྟན་དོན། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བར་བཟོད་སྒོམ་བྱེད་མི་སྲིད་ཟེར།
སེ་ཞི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་བཏང་ནས་ཡང་བསྐྱར་བཀོད་སྒྲིག་བྱེད་པ་ནི་དྲང་བདེན་མིན་པའི་བྱ་སྤྱོད་ཅིག་ཡིན་པས། ཨེ་ཅིབ་དེའི་ནང་ཞུགས་མི་སྲིད། ཕཱ་ལེ་སི་ཐན་གྱི་མི་རྣམས་རང་ཁྱིམ་དང་བྲལ་བར་བྱས་ན་ཨེ་ཅིབ་དང་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། ང་ཚོས་ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བར་བཟོད་སྒོམ་བྱེད་མི་སྲིད་ཟེར།
སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ཀྱི་ལོ་རྒྱུས་ལངས་ཕྱོགས་བསྒྱུར་མི་སྲིད་ཅིང་། ཨེ་ཅིབ་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཞི་བདེ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། བསྟུད་མར་ཟླ་ངོ15ལྷག་རིང་གི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་ཐེངས་གསར་བ་ནི་ཕཱ་ལེ་སི་ཐན་གྱི་གནད་དོན་ནམ་རྒྱུན་ཐག་གཅོད་མ་ཐུབ་པའི་མཇུག་འབྲས་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་མི་དམངས་ཀྱིས་འདས་པའི་ལོ་ངོ70ནང་འདྲ་མཉམ་མིན་པའི་དཀའ་སྡུག་མྱངས་ཡོད་པ་དང་། ཐག་གཅོད་ཇུས་གཞི་ནི་ཁོ་ཚོ་མཐར་སྐྲོད་གཏོང་རྒྱུ་མ་ཡིན་པར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།