ལུགས་རྙིང་ལོ་སར་ཐོན་པའི་སྐབས་སུ། ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་དང་འཐུས་ཚབ་ཚོགས་པས་ངོ་མཚར་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། ས་དེ་གའི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་དག་དང་མཉམ་དུ་ལོ་སར་གྱི་དུས་སྟོན་ལ་མཉམ་རོལ་བྱས་ཏེ་གྲོས་མོལ་དང་བརྗེ་རེས་མཉམ་ལས་བྱས།
ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཁྲའོ་ཞན་གྱི་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་རྒྱལ་ཁབ་མང་བོའི་ཕྱི་འབྲེལ་གཞུང་ཚབ་པ། ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས། སྨྱན་བྱད། ཕྱི་སྡོད་རང་མིའི་འཐུས་མི་སོགས་མི150ལྷག་སྣེ་ལེན་ཚོགས་འདུར་ཞུགས། སྐུ་མགྲོན་དག་གིས་ངོ་མཚར་བའི་འཁྲབ་སྟོན་ལ་བལྟས་པ་དང་ཀྲུང་ཧྭའི་བཟའ་བཏུང་ལ་རོལ་མྱོང་བྱས་ཏེ་མཛའ་བརྩེ་ཟབ་མོར་མཉམ་དུ་གྲོས་བསྡུར་བྱས།
ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་རྣམས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། རྒྱ་ཡིག་གི་སྨོན་ཚིག་འབྲི་བ་དང་ཁེད་སོགས་ལུགས་རྙིང་ལོ་སར་གྱི་གོམས་སྲོལ་ཉམས་སུ་མྱངས་ནས་ལུགས་རྙིང་ལོ་སར་གྱི་དུས་སྟོན་ལ་མཉམ་དུ་རྟེན་འབྲེལ་ཞུས།
འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་དྲོད་སྐྱིད་ཀྱི་ལོ་སར་བསུས་ཏེ་ཀྲུང་གོའི་ལོ་སར་མཉམ་རོལ་བྱེད་ཅེས་པའི་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ལས་རིགས་སོ་སོའི་མཛའ་མཐུན་མི་སྣས་མཉམ་དུ་དུས་ཆེན་རོལ། སེང་གེའི་འཁྲབ་སྟོན་དང་དྲག་རྩལ། གླུ་གཞས། ཞབས་བྲོ་སོགས་ངོ་མཚར་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ཏེ་ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་བར་མེད་དུ་གྲགས་བཞིན་ཡོད།
ཝེ་ཡེ་ནཱ་རུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཝེ་ཡེ་ནཱ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཝེ་ཡེ་ནཱའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་རྒྱལ་ཁབ་སོ་སོའི་རྒྱུན་སྡོད་འཐུས་མི་སོགས་མི800ལྷག་སྣེ་ལེན་ཚོགས་འདུར་ཞུགས། སྐུ་མགྲོན་དག་གིས་ཀྲུང་གོས་ཝེ་ཡེ་ནཱའི་ཕྱོགས་མང་སྟེགས་བུའི་སྟེང་འདོན་སྤེལ་བྱས་པའི་འཛུགས་སྐྲུན་རང་བཞིན་གྱི་ནུས་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།
ཅོར་ཏན་དང་པཱ་ལིན། མོང་གོལ། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ། རྒྱལ་ཁབ་སོ་སོའི་ཆབ་སྲིད་མགོ་ཁྲིད་པ་དང་མཛའ་མཐུན་མི་སྣ། ཕྱི་སྡོད་རང་མི། ཀྲུང་གོའི་དངུལ་གཏོང་ལས་ཁུངས། ཕྱི་འགྲིམ་སློབ་མའི་འཐུས་མི་སོགས་མཉམ་དུ་འཛོམས་ནས། ལོ་སར་བསུ་བ་དང་མཛའ་མཐུན་གླེང་ནས། མཉམ་དུ་མཛེས་སྡུག་གི་མ་འོངས་པར་རེ་སྒུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།