ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།
2025.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས29ཉིན་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ལ་སྦྲུལ་ལོའི་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། ཀྲུང་གོས་ལོ་གསར་བའི་ནང་། མུ་མཐུད་དུ་འཛམ་གླིང་གི་དོན་དུ་དྲང་བདེན་དང་བློ་གྲོས། ཐུན་མོང་དར་རྒྱས་བཅས་ཀྱི་སྟོབས་ཤུགས་འབུལ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་ཚེས29ཉིན་རང་གི་དྲ་ཚིགས་སུ་ཙུང་ཐུང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ཕུལ་བའི་ལོ་སར་གྱི་སྨོན་ཚིག་སྤེལ། ལཱ་མཱ་ཧྥུའུ་སཱ་ཡིས་རྟེན་འབྲེལ་ཞུ་ཚིག་ནང་བསྟན་དོན། ལུགས་རྙིང་གི་སྦྲུལ་ལོ་ཚེས་པའི་སྐབས་སུ། བདག་གིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ད་རུང་ཨ་ཧྥེ་རི་ཁ་ལྷོ་མར་འཚོ་བ་རོལ་བའི་ཀྲུང་གོ་བ་དང་ཨ་ཧྥེ་རི་ཁ་ལྷོ་མར་ཡོང་བའི་ཀྲུང་གོའི་སྤྱི་དམངས་ལ་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པའི་ཀྲུང་གོའི་ཉོ་ཚོང་དང་དངུལ་གཏོང་གི་གྲོགས་པོ་ཚོར་ལོ་གསར་བའི་ནང་བྱ་གཞག་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས།

ལཱ་མཱ་ཧྥུའུ་སཱ་ཡིས་བསྟན་དོན། དཔྱིད་ཀ་ནི་སྣང་སྲིད་ཐམས་ཅད་ཀྱི་གསོན་ཤུགས་རྒྱས་པའི་མཚོན་རྟགས་ཡིན་པས། སྔར་ལས་དམ་ཟབ་ཀྱི་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཡལ་འདབ་རྒྱས་པའི་སྨོན་འདུན་ཞུས།



བསོད་ནམས་ཚེ་རིང་གིས་བསྒྱུར།