ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས2025ལོའི་རྒྱལ་ཁབ་མཐའ་མཚམས་སྲུང་སྐྱོབ་གྲོས་ཆོད་ལ་ཆོག་མཆན་བཀོད།
2025.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཟླ1པོའི་ཚེས30ཉིན་མཐའ་སྲུང་སྡེ་ཁག་གི་དཔོན་རིགས་ལ་ཐུག་འཕྲད་བྱེད་སྐབས2025ལོའི་རྒྱལ་ཁབ་མཐའ་མཚམས་སྲུང་སྐྱོབ་གྲོས་ཆོད་ལ་ཆོག་མཆན་བཀོད།

ཨུ་རུ་སི་དཀར་པོའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། གྲོས་ཆོད་དེ་རྒྱལ་ཁབ་ཀྱི་མཚོ་སྐམ་མཁའ་གསུམ་གྱི་མཐའ་མཚམས་ས་ཁུལ་ལ་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་ཅིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་དང་རྒྱལ་སྲུང་ལ་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་གཟབ་ནན་ཅིག་རེད་ཟེར།

ཁོས་བཤད་རྒྱུར། མིག་སྔར་མཐའ་མཚམས་ས་ཁུལ་གྱི་གནས་བབ་བཟང་རྒྱུ་མེད་ཟེར། ཁོས་ཨུ་རུ་སི་དཀར་པོའི་མཐའ་སྲུང་དམག་དཔུང་གིས་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་དགོས་པ་ལས་གཞན་དུས་ལྟར་བདེ་འཇགས་འཇིགས་ཉེན་ངེས་པར་བྱས་ཏེ་ཉེན་བརྡ་གཏོང་དགོས་ལ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་འགོག་རྒོལ་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།

ཨུ་རུ་སི་དཀར་པོའི་རྒྱལ་ཁབ་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོ་སི་ཐའོ་ཧྥུའུ་ཡིས་སྙན་ཞུ་སྤེལ་ཏེ། མཐའ་སྲུང་སྡེ་ཁག་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་ཕན་ནུས་མཐོར་འདེགས་གཏོང་བའི་བྱེད་ཐབས་སྤྱོད་བཞིན་ཡོད་ཅིང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་དྲག་ཆས་སྒྲིག་སྦྱོར་བྱས་ནས་འཐབ་འཁྲུག་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།