ཟླ1པོའི་ཚེས31ཉིན་གྱི་སྔ་དྲོར། ཀྲ་ཏིའི་རྒྱལ་ས་ཨིན་ཅཱ་མཱེ་ནཱ་ཁི་སེ་དམག་དོན་རྟེན་གཞི་ནས་བསྡུས་པའི་ཧྥ་རན་སིའི་དམག་དཔུང་ཀྲ་ཏི་ནས་ཕྱིར་འཐེན་བྱེད་པའི་མཛད་སྒོའི་སྟེང་། ཀྲ་ཏིའི་ཙུང་ཐུང་མུའུ་ཧན་མའོ་ཏི་ཏའེ་པུས་ཀྱིས་བསྟན་དོན། ཧྥ་རན་སིའི་དམག་དཔུང་ཀྲ་ཏི་ནས་དངོས་སུ་ཕྱིར་འཐེན་བྱས་ཡོད་ཟེར།
མུའུ་ཧན་མའོ་ཏི་ཏའེ་པུས་ཀྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན།ལོ་ངོ120ལྷག་གི་རིང་ལ། མི་སེར་སྤེལ་བའི་དུས་སྐབས་དང་སྒེར་ཚུགས་ཀྱི་དུས་སྐབས་གང་ཡིན་དང་། གྲོས་མཐུན་བཀོད་པའམ་ཡང་ན་གྲོས་མཐུན་མ་བཀོད་པ་གང་ཡིན་ཡང་། ཧྥ་རན་སི་ཡིས་རྣམ་པ་གང་རུང་ལ་བརྟེན་ནས་ཀྲ་ཏི་རུ་དམག་དཔུང་བཅའ་སྡོད་བྱེད་དུ་བཅུག་ཡོད།2025ལོའི་ཟླ1པའི་ཚེས31ཉིན་ཀྲ་ཏི་རུ་བཅའ་སྡོད་བྱེད་པའི་ཧྥ་རན་སིའི་དམག་དཔུང་ཡོངས་སུ་ཕྱིར་འཐེན་བྱས་པ་མཚོན་ཡོད་ཟེར།
ཁོས་བསྟན་དོན། ཧྥ་རན་སིའི་དམག་དོན་མཉམ་ལས་མཇུག་སྒྲིལ་རྗེས། ཀྲ་ཏི་ཡིས་ཡང་བསྐྱར་ཕྱོགས་ཡོངས་ནས་ཧྥ་རན་སི་ཡིས་ཀྲ་ཏི་རུ་འཛུགས་སྐྲུན་བྱས་པའི་དམག་དོན་རྟེན་གཞི་ཚང་མ་བདག་བཟུང་བྱས་ཆོག་ཀྱང་། དེ་ནི་ཧྥ་རན་སིའི་བར་གྱི་འབྲེལ་ཐག་བཅད་པ་མིན་ཟེར།
2024ལོའི་ཟླ11པའི་ཚེས28ཉིན། ཀྲ་ཏི་ཡིས་ཧྥ་རན་སིའི་བར་གྱི་བདེ་འཇགས་དང་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་དངོས་སུ་མཚམས་བཞག་པ་ཁྱབ་བསྒྲགས་བྱས། ཧྥ་རན་སི་ཡིས་ཟླ12པའི་ཚེས10ཉིན་ནས་བཟུང་ཀྲ་ཏི་ནས་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱེད་མགོ་བརྩམས་པ་ཡིན་ལ། 2025ལོའི་ཟླ1ཚེས31ཉིན་བར་དམག་དཔུང་ཡོད་ཚད་ཕྱིར་འཐེན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།