ཨར་ཅི་རི་ཡཱ་དང་ཨུ་རུ་སི་ཡིས་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2025.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨར་ཅི་རི་ཡཱ་དང་ཨུ་རུ་སིའི་སྲིད་གཞུང་བར་གྱི་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟླ1པོའི་ཚེས30ཉིན་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཨར་ཅི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་དང་ཉ་གསོ་ལས་རིགས་ཀྱི་པུའུ་ཀྲང་ཧྲ་ཨར་ཧྥ་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ཕཱ་ཐི་ལོ་ཧྲི་ཧྥུའུ་གཉིས་ཀྱིས་མཉམ་དུ་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲ་ཨར་ཧྥ་ཡིས་བསྟན་དོན།རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཁྱད་པར་དུ་དངུལ་གཏོང་ཁྱབ་ཁོངས་དེ་ལྟར་ཡིན། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཞིང་ལས་དང་ནུས་ཁུངས། ཡུལ་སྐོར། ལས་སྣོན་བཟོ་སྐྲུན་ལས་རིགས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ནས་ཨུ་རུ་སིའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཁྱབ་ཁོངས་མང་བོར་རྒྱ་བསྐྱེད་དགོས། ཨུ་རུ་སིའི་ཁེ་ལས་དག་ཨར་ཅི་རི་ཡཱའི་དངུལ་གཏོང་ཁྱབ་ཁོངས་མང་བོར་སྤྲོ་བ་ཆེན་པོ་ཡོད་པ་དང་། དཔེར་ན་རླངས་འཁོར་བཟོ་སྐྲུན་དང་། གློག་ཤུགས་སྒྲིག་ཆས་ཀྱི་ཐོན་སྐྱེད། སྨན་རྫས་ལས་རིགས་སོགས་འདུས། དེའི་ཞོར་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཆུ་བེད་བཟོ་སྐྲུན་དང་བཙོག་ཆུའི་ཐག་གཅོད། ལྕགས་ལམ་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ནས་ཨར་ཅི་རི་ཡཱའི་བར་མཉམ་ལས་བྱེད་པར་རེ་བཞིན་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཨར་ཅི་རི་ཡཱ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་བསྟུད་མར་འཕར་སྣོན་བྱུང་ཡོད། ཨར་ཅི་རི་ཡཱ་ནི་ཨུ་རུ་སིའི་གྲོ་ཡི་ནང་འདྲེན་རྒྱལ་ཁབ་གཙོ་བོར་གྱུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།