ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཨ་ནོའུ་ནེ་ཡིས་ཟླ1པོའི་ཚེས31ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དམངས་དོན་ཆེད་མངག་ཚོགས་པ་ཞིག་ལཱ་ཧྥ་རྒྱུ་ལམ་དུ་བཀོད་སྒྲིག་བྱས་ཡོད་པ་དང་། རོགས་སྐྱོར་ལས་འགན་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོ་མཇུག་སྒྲིལ་རག་བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།
ཨ་ནོའུ་ནེ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེ་བ་ལྟར། དམངས་དོན་རོགས་སྐྱོར་ལས་འགན་དེ་ཚེས31ཉིན་ལག་བསྟར་བྱེད་མགོ་བརྩམས་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་གྱི་མཐའ་མཚམས་མི་སྣའི་བར་མཉམ་ལས་བྱས་ཏེ། སྨན་བཅོས་ཀྱི་རོགས་སྐྱོར་མཁོ་བའི་མི་རྣམས་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། བདེ་འཇགས་རྒྱུ་རྐྱེན་དབང་གིས་བྱེ་བྲག་གི་ནང་དོན་གཞན་པ་གསལ་བོར་བསྒྲགས་མི་རུང་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཉིན་དེར་དྲ་ཐོག་ནས་བསྟན་དོན། རོགས་སྐྱོར་ལས་འགན་དེས་ཕཱ་ལེ་སི་ཐན་གྱི་མཐའ་མཚམས་མི་སྣར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། སྨན་བཅོས་རོགས་སྐྱོར་མཁོ་བའི་མི་འདུས་པའི་མི་སྣ་དག་ཅཱ་ཧྲ་ས་ཁུལ་ནས་ས་གཞན་དུ་སྐྱེལ་བར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།
ལཱ་ཧྥ་རྒྱུ་ལམ་ནི་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་བར་གྱི་མཐའ་མཚམས་བརྒལ་སའི་གནས་གཅིག་པུ་ཡིན་ཞིང་། ཅཱ་ཧྲ་ས་ཁུལ་དབྱི་སི་རལ་མ་བརྒྱུད་པར་ཐད་ཀར་ཕྱི་ཕྱོགས་སུ་འགྲོ་སའི་རྒྱུ་ལམ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས2005ལོར་དམངས་དོན་ཆེད་མངག་ཚོགས་པ་ཞིག་བཙུགས་ཏེ་ལཱ་ཧྥ་རྒྱུ་ལམ་ལ་རོགས་ལས་ལྟ་ཞིབ་ཚད་འཇལ་བྱེད་དུ་བཅུག་ཀྱང་། 2007ལོར་ཕཱ་ལེ་སི་ཐན་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱས་རྗེས། ཆེད་མངག་ཚོགས་པ་དེའི་བྱ་བ་མཚམས་འཇོག་ཏུ་བཅུག་པ་རེད། ད་ལོའི་ཟླ1པོའི་ཚེས15ཉིན་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་ཕྱིར་གཏོང་བར་གྲོས་མཐུན་བཀོད། ཁཱ་ལཱ་སི་ཡིས་ཚེས17ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལཱ་ཧྥ་རྒྱུ་ལམ་གྱི་དམངས་དོན་ཆེད་མངག་ཚོགས་པ་སླར་གསོ་བྱེད་རྩིས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་ཀྱང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་གདན་ཞུ་ཐོབ་དགོས་པ་དང་ཨེ་ཅིབ་བར་མཉམ་ལས་གྲོས་མཐུན་འགོད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།