ཁཱ་ཐར་གྱི་མགོ་ཁྲིད་པས་སི་རི་ཡཱ་རུ་འཚམས་འདྲི་བྱས།
2025.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཟླ1ཚེས30ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འཚམས་འདྲི་བྱས་ཏེ། སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་སི་རི་ཡཱའི་བསྐྱར་འཛུགས་སོགས་གྲོས་གཞིར་གྲོས་བསྡུར་བྱས།

དེ་ནི་ན་ནིང་ཟླ12པར་སི་རི་ཡཱའི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་བྱུང་རྗེས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཐོག་དང་པོར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད། སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐཱ་མུས་མུའུ་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཙུང་ལི། ཕྱི་འབྲེལ་པུའུ་ཀྲང་། རྒྱལ་སྲུང་པུའུ་ཀྲང་བཅས་གནམ་གྲུ་ཐང་དུ་སོང་ནས་བསུ་བ་བྱས།

ཧྲ་ལཱ་ཡིས་ཉིན་དེའི་ཕྱི་དྲོར་བསྟན་དོན། ཐཱ་མུས་མུའུ་ཡིས་སི་རི་ཡཱ་རུ་འཚམས་འདྲི་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། དེ་རིང་ང་ཚོས་སི་རི་ཡཱ་དང་ཁཱ་ཐར་མི་དམངས་ལ་ཕན་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་སྒུག་བྱས་ཡོད་ཟེར།

ཐཱ་མུས་མུའུ་ཡིས་ཚེས30ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་སི་རི་ཡཱའི་མ་འོངས་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཁོས་འབད་བརྩོན་ལྷོད་མེད་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སི་རི་ཡཱའི་མི་དམངས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཁཱ་ཐར་གྱི་མགོ་ཁྲིད་པའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐཱ་མུས་མུའུ་ཡིས་གྲོས་མོལ་བྱེད་སྐབས་ཁཱ་ཐར་གྱིས་སི་རི་ཡཱའི་གཅིག་གྱུར་དང་བདག་དབང་། སྒེར་ཚུགས་བཅས་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་ཟེར། ཁོས་བསྟན་དོན། སི་རི་ཡཱ་ཡིས་རིམ་པ་སོ་སོའི་མི་དམངས་ཀྱི་ཚབ་བྱེད་པའི་སྲིད་གཞུང་ཞིག་རྩ་འཛུགས་བྱས་ཏེ། གཏན་འཇགས་སྲ་བརྟན་དུ་ག་ཏོང་བ་དང་བསྐྱར་འཛུགས་དང་འཕེལ་རྒྱས་ལས་གཞིར་སྐུལ་འདེད་གཏོང་བར་དགོས་གལ་ཆེ་བ་དང་། ཁཱ་ཐར་གྱིས་མུ་མཐུད་དུ་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཉིན་དེར། སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་ཞེ་པཱ་ནེ་དང་ཁཱ་ཐར་གྱི་ཕྱི་འབྲེལ་རྒྱལ་སྲིད་བློན་ཆེན་ཧུའུ་ལའེ་ཧྥེ་གཉིས་ཀྱིས་ཏཱ་མཱ་ཧྲི་ཀི་ནས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞེ་པཱ་ནེ་ཡིས་བཤད་རྒྱུར། སི་རི་ཡཱའི་ཕྱོགས་དང་ཁཱ་ཐར་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་བསྐྱར་འཛུགས་ཀྱི་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་སྤེལ་བའི་ཕྱོགས་ཡོངས་ཀྱི་སྒྲོམ་གཞིར་གྲོས་བསྡུར་བྱས། ཧུའུ་ལའེ་ཧྥེ་ཡིས་བསྟན་དོན། ཁཱ་ཐར་གྱིས་སི་རི་ཡཱའི་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་འཚོལ་ཞིབ་བྱེད་པ་དང་། མུ་མཐུད་དུ་ཁྱབ་ཁོངས་སོ་སོ་ནས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།