ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ནེ་སི་ཡིས་ཟླ2པའི་ཚེས1ཉིན་མའོ་ཨར་པིན་གྱི་ཀྲུང་གོ་བའི་སྡེ་ཁུལ་ནས་སྤེལ་བའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་དང་མཉམ་ལས་གཏན་འཇགས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མ་འོངས་པར་སྔར་ལས་སྲ་བརྟན་ཡོང་བར་རེ་བཞིན་ཡོད་ཟེར།
ཨ་ཨར་པཱ་ནེ་སི་ཡིས་བཤད་རྒྱུར། ཀྲུང་གོའི་རིག་གནས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡཱའི་མིའི་མཐོང་རྒྱ་བསྐྱེད་ཡོད། ལུགས་རྙིང་ལོ་སར་དེ་ཨོ་སི་ཁྲུ་ལི་ཡཱའི་རིག་གནས་སྲོལ་རྒྱུན་གྱི་ཁག་ཅིག་ཏུ་གྱུར་ཡོད། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཡོངས་སུ་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་མང་བོ་ཡོད་ཅིང་། མི་རྣམས་ལྷན་དུ་འཛོམས་ནས་སྦྲུལ་ལོའི་ལུགས་རྙིང་ལོ་སར་ལ་རོལ་བ་དང་། ཕན་ཚུན་ལ་སྨོན་འདུན་བཟང་བོ་ཞུ་བཞིན་ཡོད་ལ། ལོ་གསར་བའི་ནང་གོ་སྐབས་གསར་བ་ཡོད་པར་རེ་སྒུག་བྱས་ཡོད་ཟེར།
ཨ་ཨར་པཱ་ནེ་སི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་ཀྲུང་གོའི་ཕྱོགས་ལ་སྐམས་ཤ་དང་རྒུན་ཆང་སོགས་ཐོན་རྫས་ཕྱིར་གཏོང་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་དེ་གལ་འགངས་ཧ་ཅང་ཆེ། ཡིན་ཡང་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་བསྡུར་ན་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་བ་དེ་ལྷག་ཏུ་གལ་ཆེན་ཡིན།
ཨོ་སི་ཁྲུ་ལི་ཡཱའི་ངོ་རྒོལ་ཏང་གི་གཙོ་འཛིན་ཏཱ་ཏོན་གྱིས་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ནས། ལུགས་རྙིང་ལོ་སར་ནི་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ་སྟེ་རླབས་ཆེ་བའི་རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་འགྲོ་འོང་གི་གོ་སྐབས་གཙོ་བོ་ཞིག་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་བཅུ་དགུའི་བར་དེད་ཆོག་ཀྱང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཆེས་གལ་ཆེ་བའི་རྒྱུ་རྐྱེན་དུ་གྱུར་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་སྔར་ལས་འོད་སྟོང་ལྡན་པར་འགྱུར་སྲིད་ཟེར།
ཉིན་དེའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་རིག་རྩལ་འཁྲབ་སྟོན་དང་ཚོན་ལྡན་ཤོག་སྦག་གི་འཁྲབ་སྟོན་སོགས་ནང་དོན་འདུས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་ས་ཁུལ་སོ་སོའི་ཡུལ་སྐོར་བ་ཁྲི་ཕྲག་མང་བོའི་བློ་ཁ་བཀུག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།