ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་ཟླ1པོའི་ཚེས31ཉིན་ཙེམ་པབ་ཝེའི་རྒྱལ་ས་ཧཱ་ལཱ་ལོས་ནས་མགོ་གཙོའི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ནང་བཤད་རྒྱུར། ཉེ་སྔོན་བྱུང་བའི་འཇབ་རྒོལ་དོན་རྐྱེན་མང་བོ་ལས་ཁོང་གོ་ཅིན་གྱི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་བ་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་རྒྱུན་ཆད་མེད་པར་ཚབས་ཆེན་དུ་གྱུར་ཡོད་པས། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་མྱུར་མོར་ཟིང་འཁྲུག་གི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་ཆུ་དང་གློག འཕྲིན་གཏོང་སྒྲིག་ཆས། དེ་མིན་གཞི་རྩའི་དངོས་རྫས་ཀྱི་མཁོ་འདོན་བཅས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་ཁོང་གོ་ཅིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པM23འགུལ་སྐྱོད་ཀྱིས་ཉེ་སྔོན་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་ཁོང་གོ་ཅིན་དུ་མངག་གཏོང་བྱས་པའི་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། བྱ་སྤྱོད་དེ་འབྲེལ་ཡོད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་རྒྱབ་འགལ་དུ་སོང་ཡོད་ལ། ཁོང་གོ་ཅིན་དང་ཐ་ན་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ས་ཁུལ་ཧྲིལ་བོའི་ཞི་བདེ་དང་བདེ་འཇགས་ལ་གཏོར་བརླག་བཏང་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་མྱུར་མོར་འཐུས་ཚབ་ཚོགས་པ་ཞིག་ཁོང་གོ་ཅིན་དུ་མངག་ནས། ཆེད་མངག་དམག་དཔུང་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
དེ་ལས་གཞན་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་མྱུར་མོར་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་བར་མཉམ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། གོ་རིམ་རྗེས་མའི་ཁོང་གོ་ཅིན་གྱི་བདེ་འཇགས་གནས་བབ་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི། ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚོགས་འདུ་གྲོལ་བའི་གཏམ་བཤད་ཁྲོད། ཕྱོགས་སོ་སོས་གྲོས་མོལ་རྒྱུུན་འཁྱོངས་བྱས་ནས་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར། ཁོས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།