ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཚེས2ཉིན་སྲིད་འཛིན་ཏང་དར་རྒྱས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ཡང་བསྐྱར་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།
དར་རྒྱས་ཏང་གིས་དྲ་ཚིགས་ནས་བསྟན་དོན། ཚོགས་ཆེན་ནས་འདེམ་ཤོག་མང་ཆེ་བ་ཡིད་འཐད་བྱུང་སྟེ་ཨ་པུས་ཡང་བསྐྱར་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། རྒྱལ་ཁབ་དེའི་ཙུང་ལི་གཞོན་པ་ཐི་མཱེ་སི་ཀིན་ཏིས་ལུའུ་ནེ་དང་གྲོས་ཁང་གོང་མའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་གྲོས་དཔོན་ཨ་ཏིན་ཧྥ་ལཱ་ཧི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། གསར་དུ་བདམས་པའི་མགོ་ཁྲིད་པས་འཐུས་མིའི་ཚོགས་ཆེན་སྟེང་ཏང་གི་སྒྲིག་སྲོལ་གཞིར་བཟུང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།
ཟླ1པོའི་ཚེས31ཉིན་ནས་ཟླ2པའི་ཚེས2ཉིན་བར། དར་རྒྱས་ཏང་གིས་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་བསྡུས་ཏེ། འདས་པའི་ལོ་ལྔའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་འཐབ་ཇུས་གསར་བ་གཏན་འབེབས་བྱས་པར་མ་ཟད། ཏང་ནང་ཁུལ་གྱི་མགོ་ཁྲིད་པ་འདེམ་བསྐོ་བྱས་པ་རེད།
ཨེ་ཙེ་ཨོ་ཕི་ཡཱ་ནི་གྲོས་ཁང་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གྲོས་ཁང་ཞོལ་མའི་མི་དམངས་འཐུས་མིའི་ཁང་གི་མང་ཤོས་ཏང་གི་མགོ་ཁྲིད་པས་རྒྱལ་ཁབ་དེའི་ཙུང་ལིའི་འགན་ཁུར་བཞིན་ཡོད། 2021ལོའི་ཟླ6པར་ཨེ་ཙེ་ཨོ་ཕི་ཡཱ་ཡིས་རྒྱལ་ཡོངས་ཀྱི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་དྲུག་པ་སྤེལ་ཏེ། དར་རྒྱས་ཏང་ལ་རྒྱབ་ཁ་ཐོབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།