བསྟུད་མར་ཉིན་འགའི་རིང་ལ། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ཏེ་ཤིང་མོ་སྦྲུལ་ལོའི་ལུགས་རྙིང་ལོ་སར་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས།
ཨོ་སི་ཁྲུ་ལི་ཡཱའི་མའོ་ཨར་པིན་ནས། ས་དེའི་ཀྲུང་གོ་བས་ཤིང་མོ་སྦྲུལ་ལོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྒྱ་ཆེན་པོ་རྩ་འཛུགས་བྱས། ཡུལ་དངོས་སུ་རྔ་དང་སྦུག་ཆའི་སྒྲ་གྲགས་པ་དང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས། གླུ་གར་འཁྲབ་སྟོན་དང་བཟའ་བཏུང་རོལ་མྱོང་སོགས་ལས་ས་དེའི་མང་ཚོགས་ལ་ལོ་སར་གྱི་ཚོར་སྣང་དྲག་པོ་སྐྱེས་སུ་བཅུག
ཟླ2པའི་ཚེས1ཉིན། ཧྥ་རན་སི་རུ་གནས་སྐོར་བྱེད་པའི་ཀྲུང་གོ་བས་ཧྥ་རན་སིའི་ཕཱ་རེ་སི་ནས་ཀྲུང་གོའི་དགའ་སྟོན་བྱ་འགུལ་སྤེལ་ཏེ། ལུགས་རྙིང་ལོ་སར་དེ་གཟུགས་འདས་ཤུལ་བཞག་ཏུ་རེ་ཞུ་བྱས་པར་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཧྥ་རན་སིའི་ལས་རིགས་སོ་སོའི་མི་སྣ་བྱ་འགུལ་ལ་ཞུགས།
འཇར་པན་གྱི་ཧིན་པེན་དུ་ཡོད་པའི་ཀྲུང་ཧྭའི་སྲང་ལམ་ནས། ས་དེའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་གྱི་སེང་གེའི་འཁྲབ་སྟོན་དེས་སྡོད་དམངས་མང་བོའི་བློ་ཁ་དྲངས་ཡོད།
ཨ་ཧྥེ་རི་ཁ་ལྷོ་མས་སྤེལ་བའི2025ལོའི་ཁའེ་ཕུའུ་ཏོན་གྱི་ཀྲུང་གོའི་ལོ་སར་ཞེས་པའི་བྱ་འགུལ་སྟེང་། ཧྲའོ་ལིན་དྲག་རྩལ་དང་དགའ་འཁྱིལ་དྲག་རྩལ་ཕྱག་རྒྱ། སི་ཁྲོན་གྱི་བཞིན་འགྱུར་ཟློས་གར། ཅིན་ཅུའུ་ཟློས་གར་བཅས་བསྟུད་མར་འཁྲབ་སྟོན་བྱས་པ་དང་། ཀྲུང་གོའི་མི་རིགས་ཀྱི་ཞབས་བྲོ་སོགས་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ས་དེའི་མང་ཚོགས་སྟོང་ཕྲག་འགའ་དང་ཕྱི་རྒྱལ་གྱི་གནས་སྐོར་བ་དག་གིས་དགའ་བསུ་ཆེན་པོ་བྱས།
2025ལོའི་སྤྲོ་སྐྱིད་ལྡན་པའི་ལུགས་རྙིང་ལོ་སར་གྱི་གླིང་གའི་ཚོགས་འདུ་ཟླ2པའི་ཚེས1ཉིན་པཱ་ཞིའི་ཧྲིན་པའོ་ལོ་ནས་སྤེལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་ལས་ཡུལ་དངོས་ཀྱི་ལྟད་མོ་བར་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྦྱིན། ཡུལ་དངོས་ཀྱི་ཀྲུང་གོའི་རིག་གནས་འགྲེམ་སྟོན་ཚོང་རྟགས་སུ་ཀྲུང་གོའི་ཤིས་མདུད་ལས་པ་དང་ཀྲུང་གོའི་ཡི་གེ་འབྲི་བ་སོགས་ལས་ས་དེའི་མང་ཚོགས་ཀྱི་སྤྲོ་དགའ་ཚོར་ཡོད། ཐེངས་འདིའི་བྱ་འགུལ་གྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོད་དཔག་བྱས་ན་མང་ཚོགས་ཁྲི་ཕྲག་མང་བོའི་བློ་ཁ་འདྲོངས་ཐུབ།
བསོད་ནམས་ཚེ་རིང་གིས་བསྒྱུར།