ཅོར་ཏན་དང་སི་ལོ་ཝུན་ནེ་ཡཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2025.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས2ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཉིན་དེར་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་སི་ལོ་ཝུན་ནེ་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧྥ་ཡུང་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ཚིམས་པ་མྱུར་དུ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པ་ལྟར་ན། སཱ་ཧྥ་ཏིས་ཀྱིས་སི་ལོ་ཝུན་ནེ་ཡཱ་ཡིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་པ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོས་ནན་གྱིས་བསྟན་དོན། ཅོར་ཏན་དང་སི་ལོ་ཝུན་ནེ་ཡཱ་ཡིས་མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་འཕེལ་རིམ་བཟང་བོར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱེད་རྒྱུ་ཡིན། དེ་ནི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། ཞི་བདེ་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

ཧྥ་ཡུང་གིས་བསྟན་དོན། སི་ལོ་ཝུན་ནེ་ཡཱ་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་མི་རྣམས་མཐར་སྐྲོད་གཏོང་བ་དང་ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། སི་ལོ་ཝུན་ནེ་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱེད་པ་དང་། དེའི་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་མེད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།