ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཚེས2ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོ། ཀྲུང་གོ་བཅས་ཀྱི་ཚོང་རྫས་ནང་འདྲེན་བྱེད་པར་སྒོ་གཅལ་ཁ་སྣོན་བྱེད་པའི་ཐག་གཅོད་བྱས་པར་ཡིད་འཕང་བའི་ཚུལ་བསྟན། སྒོ་གཅལ་དེ་ལས་དགོས་མེད་ཀྱི་དཔལ་འབྱོར་རྙོག་དྲ་བཟོས་ནས་དངུལ་ལོར་ཚད་བརྒལ་འགྲེམ་པར་སྐུལ་འདེད་གཏོང་སྲིད་པས། དེ་ཕྱོགས་སོ་སོར་མཚོན་ན་གནོད་པ་ཡོད་ཟེར།
མགྲིན་ཚབ་པས་བསྟན་དོན། ཚོང་རའི་སྒོ་འབྱེད་དང་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པ་དེ་སྟོབས་དང་ལྡན་ཞིང་རྒྱུན་མཐུད་ཐུབ་པའི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་བཞིན་སྒོ་གཅལ་ཇེ་དམའ་རུ་བཏང་ནས་འཕར་སྣོན་དང་དཔལ་འབྱོར་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། སྟོབས་དང་ལྡན་ཞིང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཉོ་ཚོང་མ་ལག་ཅིག་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
མགྲིན་ཚབ་པས་བཤད་རྒྱུར། མིག་སྔར་ང་ཚོར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐོན་རྫས་ལ་དམིགས་པའི་སྒོ་གཅལ་ཁ་སྣོན་བྱ་སྤྱོད་གང་རུང་མེད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་རྫས་ལ་འདྲ་མཉམ་མིན་པའམ་སྒོ་གཅལ་ཁ་སྣོན་བྱེད་པའི་ཉོ་ཚོང་གྲོགས་པོ་གང་རུང་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།