ཨོ་སི་ཁྲུ་ལི་ཡཱའི་ས་ཁུལ་རེ་འགས་ཚེས2ཉིན་ནས་ཚེས3ཉིན་བར་ལུགས་རྙིང་ལོ་སར་གྱི་རོལ་དབྱངས་ཚོགས་འདུ་སོགས་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། མང་ཚོགས་ཀྱིས་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་ལས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཉམས་སུ་མྱོང་བཞིན་ཡོད།
ཞང་ཀང་རྡུང་དཀྲོལ་རོལ་ཚོགས་ཀྱིས་འཁྲབ་སྟོན་བྱས་པའི་ཀྲུང་ཕྱིའི་མཉམ་འབྲེལ་དང་བརྩེ་བ་མཉམ་དཀྲོལ་ཞེས་པའི་ལུགས་རྙིང་ལོ་སར་གྱི་རོལ་དབྱངས་ཚོགས་འདུ་ཚེས2ཉིན་གྱི་དགོང་མོར་ཞི་ནེ་གླུ་གར་ཁང་ནས་སྤེལ།
མིང་དུ་གྲགས་པའི་ཨོག་ལེན་དཀྲོལ་རྡུང་མཁན། ཞང་ཀང་རྡུང་དཀྲོལ་རོལ་ཚོགས་ཀྱི་སྲོལ་འབྱེད་པ། སྒྱུ་རྩལ་ལྟ་སྐུལ་པ་ཡའོ་ཡུས་ཀྱིས་བསྟན་དོན། རོལ་དབྱངས་ཚོགས་འདུ་དེར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་དེང་གི་རྒྱུ་ཆ་སྣ་ཚོགས་འདུས་ཡོད་པ་དང་། ཁྱད་པར་དུ་ནུབ་ཕྱོགས་ཀྱི་རོལ་དབྱངས་རྣམ་པས་ཞང་ཀང་གི་ཁྱད་ཆོས་ལྡན་པའི་ཀྲུང་ཧྭ་ཕུལ་བྱུང་རིག་གནས་མཚོན་པར་བྱས་ཡོད་ཟེར།
སྐབས་བཅུ་བཞི་བའི་པའོ་སི་ལུགས་རྙིང་ལོ་སར་ཀྱི་རིག་གནས་དུས་ཆེན་ཚེས2ཉིན་པའོ་སི་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། རིག་གནས་དུས་ཆེན་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། སེང་གེའི་འཁྲབ་སྟོན་དང་། ཀྲུང་གོའི་སྲོལ་རྒྱུན་རོལ་དབྱངས། ཞབས་བྲོའི་འཁྲབ་སྟོན། དྲག་རྩལ་འཁྲབ་སྟོན། ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་སོགས་འདུས།
ཨོ་སི་ཁྲུ་ལི་རུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའོ་ཅན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོའི་ལོ་སར་དེ་འཛམ་གླིང་གི་ལོ་སར་ཡང་ཡིན། མཉམ་དུ་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་ནི་ཨོ་སི་ཁྲུ་ལི་ཡཱའི་རིག་གནས་སྣ་མང་ཅན་འཛུགས་སྐྲུན་གྱི་སྣང་ཚུལ་ཞིག་ཡིན་ཟེར།
ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཨོ་མངའ་སྡེའི་མགོ་བ་ཁུའུ་ཁི་ཡིས་རྒྱ་སྐད་ལམ་ནས་ལོ་སར་འཚམས་འདྲི་བྱས་པར་མ་ཟད། ཞི་ཨོ་མངའ་སྡེའི་ཀྲུང་གོ་བའི་སྡེ་ཁུལ་གྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གདེང་འཇོག་ཆེན་པོ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།