ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས3ཉིན་བཤད་རྒྱུར། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་ས་ཁོངས་གཅིག་འབྲེལ་གཅིག་བརྟེན་གྱི་རྨང་རྡོ་གལ་ཆེན་ཡིན་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཞཱ་པཱ་ཙི་ཡིས་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་རུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་བྱ་བར་མྱུར་མོར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཕཱ་ཁི་སི་ཐན་གྱི་མ་འོངས་པ་གསར་བཞེངས་བྱེད་པའི་ཐད་གནད་འགག་གི་ནུས་པ་ཐོན་ཡོད་ཟེར།
ཞཱ་པཱ་ཙི་ཡིས་བསྟན་དོན། ཀྲུང་གོས་རོགས་འཛུགས་བྱས་པའི་བཀའ་ཏཱ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་གསར་བས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། དེ་ལས་པུས་ལུའུ་ཀྲི་ཞིང་ཆེན་གྱིས་ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་ཤུགས་སྣོན་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་ཞིག་བླངས་པ་མཚོན་ཡོད། དེའི་ཞོར་དུ་བཀའ་ཏཱ་ཨར་གྲུ་ཁར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་། ཕཱ་ཁི་སི་ཐན་དང་ཨེ་ཤ་ཡཱ་དབུས་མ། ཨེ་ཤ་ཡཱ་ཤར་ལྷོ་སོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།