ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས2ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཉེ་སྔོན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཁྲའོ་ཞན་ནི་ཁྲམ་པའི་རྒྱལ་ཁབ་ཡིན་པར་བརྗོད་པར་རྒོལ་གཏམ་བཏང་།
གཏམ་བཤད་ལས་བཤད་རྒྱུར། ལུའུ་པུས་ཨོ་ཡིས་གང་འདོད་དུ་བདག་དབང་ཅན་གྱི་རྒྱལ་ཁབ་ཅིག་གི་སྣང་བརྙན་ལ་དམའ་འབེབས་བྱེད་པའི་དགྲར་འཛིན་གྱི་གཏམ་བཤད་དེ་བདག་དབང་ལ་བརྩི་འཇོག་བྱེད་པ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྒྱལ་སྤྱིའི་རྩ་དོན་དང་ཡོངས་སུ་འགལ་ཡོད་པ་དང་། ཆབ་སྲིད་ཀྱི་དཀྲུག་འཕེན་བྱ་སྤྱོད་ཚབས་ཆེན་ལ་འབྲེལ་ཡོད་པས། ཁྲའོ་ཞན་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་ནས་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
གཏམ་བཤད་ལས་བཤད་རྒྱུར། ལུའུ་པུས་ཨོ་ཡིས་གོང་གི་གཏམ་བཤད་ལས་ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་མེད་པ་ཡང་བསྐྱར་ཤེས་སུ་བཅུག་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གསར་བས་ཁྲའོ་ཞན་ལ་བཟུང་བའི་ནོར་འཆུག་གི་རྣམ་འགྱུར་མངོན་པར་བྱས་ཡོད་ཟེར།
གཏམ་བཤད་ལས་ད་རུང་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁའི་དཀྲུག་འཕེན་བྱ་སྤྱོད་གང་རུང་ལ་བཟོད་སྒོམ་བྱེད་མི་སྲིད་པ་དང་། སྔོན་ཆད་དང་འདྲ་བར་དགོས་ངེས་ཀྱི་བྱེད་ཐབས་ནུས་ལྡན་སྤྱོད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།