ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་མའོ་ཞི་ཁོ་ཡིས་སྒོ་གཅལ་ཁ་སྣོན་བྱེད་པའི་བྱེད་ཐབས་དེ་ཟླ་ངོ་གཅིག་གི་རྗེས་ནས་ལག་བསྟར་བྱེད་པར་འཐད་པ་བྱུང་བ་དང་། མུ་མཐུད་དུ་གྲོས་བསྡུར་བྱས།
ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་མའོ་ཞི་ཁོ་ཡི་ཙུང་ཐུང་ཞིན་པའོ་མུའུ་དང་གྲོས་མོལ་བྱས་པ་དང་། དེ་ནི་མཛའ་མཐུན་ལྡན་པའི་གྲོས་མོལ་ཐེངས་ཤིག་རེད། མའོ་ཞི་ཁོ་ཕྱོགས་ཀྱིས་མྱུར་མོར་དམག་མི་ཁྲི་གཅིག་མའོ་ཞི་ཁོ་དང་ཨ་མེ་རི་ཁའི་མཐའ་མཚམས་ས་ཁུལ་དུ་མངག་གཏོང་བྱེད་པར་འཐད་པ་བྱུང་བ་དང་། དམག་མི་དེ་དག་གིས་ཆེད་དུ་ཧྥུན་ཐེ་ནེ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ཨ་མེ་རི་ཁའི་མངའ་ཁོངས་སུ་འགྲོ་བར་བཀག་འགོག་བྱེད་པའི་འགན་ཁུར་རྒྱུ་རེད་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ང་ཚོས་སྒོ་གཅལ་ཁ་སྣོན་གྱི་བྱེད་ཐབས་དེ་ཟླ་ངོ་གཅིག་གི་རྗེས་སུ་སྣུར་བར་འཐད་པ་བྱུང་ཡོད་ལ། དེའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འཐུས་མིས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན། ཁོས་ཞིན་པའོ་མུའུ་དང་མཉམ་དུ་གྲོས་མོལ་ལ་ཞུགས་ནས་རྒྱལ་ཁབ་གཉིས་བར་གྲོས་མཐུན་འགོད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཚེས1ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། མའོ་ཞི་ཁོ་དང་ཁཱ་ནཱ་ཏཱ་རྒྱལ་ཁབ་གཉིས་ནས་ནང་འདྲེན་བྱས་པའི་ཚོང་རྫས་དག་ལ་བརྒྱ་ཆའི་ཉེར་ལྔའི་སྒོ་གཅལ་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་དེའི་སྔོན་དྲ་ཚིག་བརྒྱུད་དེ་བཤད་རྒྱུར། དུག་རྫས་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་རག་བར་དུ་ཨ་མེ་རི་ཁས་གོང་གི་རྒྱལ་ཁབ་དེ་གཉིས་ནས་ཡོང་བའི་ཐོན་རྫས་ཚང་མར་སྒོ་གཅལ་བརྒྱ་ཆའི་ཉེར་ལྔ་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།