ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་ཕྱོགས་ཡོངས་ཀྱི་འཐབ་འཁྲུག་རྒྱ་བསྐྱེད་དེ། ཕཱ་ལེ་སི་ཐན་གྱི་སྤྱི་དམངས་མཐར་སྐྲོད་བཏང་ནས་རིགས་རྒྱུད་གཙང་བཤེར་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། དབྱི་སི་རལ་ཕྱོགས་ཀྱི་འགུལ་སྐྱོད་དེས་ས་ཁུལ་ཧྲིལ་བོའི་མ་འོངས་པར་འཇིགས་ཉེན་ཐེབས་ཡོད་པའི་ཉེན་བརྡ་བཏང་།
ལུའུ་ཏའེ་ནཱ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཉེ་སྔོན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི29རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགའ་ལ་རྨས་ཕོག་པའམ་འཛིན་བཟུང་བྱས། མི་སྟོང་ཕྲག་འགའ་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། རྨང་གཞིའི་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་སྒོ་ནས་གཏོར་བརླག་ཐེབས་ཡོད་ཟེར།
ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། 2025ལོའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དམག་དོན་འགུལ་སྐྱོད་ལས་ཕ་ལེ་སི་ཐན་གྱི་མི70རྐྱེན་ལམ་དུ་ཤོར་ཡོད་ཟེར། དབྱི་སི་རལ་གྱི་ཡེ་ལུའུ་སཱ་ལེམ་སྦྲགས་སྲིད་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་དང་པོའི་ཚེས21ཉིན་བསྟན་དོན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་བདེ་འཇགས་དམག་དཔུང་། ཉེན་རྟོག་པ་བཅས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་དུ་ཚབ་མིང་ལ་ལྕགས་མཁར་ཞེས་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།