གློད་བཀྲོལ་བཏང་བའི་ཕ་ལེ་སི་ཐན་པ15ཐུར་ཁེ་རུ་འབྱོར།
2025.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས4ཉིན།  ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་གྱིས་བཤད་རྒྱུར། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)བར་བཞག་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གཞིར་བཟུང་ནས་གློད་བཀྲོལ་བཏང་བའི་ཕ་ལེ་སི་ཐན་པ15ཉིན་དེར་ཐུར་ཁེར་འབྱོར་ཡོད་ཟེར།

ཐུར་ཁེའི་ཨ་ན་ཏུའོ་ལུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཧྥེ་ཏན་གྱིས་ཨན་ཁ་ལ་རུ་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐི་དང་མཉམ་དུ་བསྡུས་པའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་འབྲེལ་ཡོད་ཕྱོགས་ལ་ཐུན་མོང་གི་ངོས་འཛིན་བྱུང་སྟེ། གློད་བཀྲོལ་བཏང་བའི་ཕ་ལེ་སི་ཐན་པ་ཁག་ཅིག་དམིགས་འཛུགས་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཐུར་ཁེ་ཡིས་ཕ་ལེ་སི་ཐན་གྱི་མི15བསྡུ་ལེན་བྱས་པ་རེད།

ཧྥེ་ཏན་གྱིས་ད་དུང་ཕ་ལེ་སི་ཐན་པ་རྣམས་ཁོ་ཚོའི་ཁྱིམ་གཞིས་ནས་ཕྱིར་འབུད་བྱེད་པའི་བྱེད་ཐབས་གང་ཞིག་ཡིན་རུང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མིའི་རིགས་ཀྱི་རྒྱུ་འབྲས་དང་རྒྱབ་འགལ་བྱས་ནས་གདོང་ཐུག་ཛ་དྲག་ཏུ་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་ལ་གཏོར་བཤིག་གཏོང་བ་ལས་འབྲས་བུ་ཅི་ཡང་ཡོད་མི་སྲིད་ཅེས་བསྟན།

ཉེ་ཆར་ཕ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གཞིར་བཟུང་སྟེ་གློད་བཀྲོལ་བཏང་བ་དང་། གནས་སྐབས་སུ་ཨེ་ཅིབ་ཏུ་སྡོད་པའི་ཕ་ལེ་སི་ཐན་པ60ཐུར་ཁེ་དང་ཁ་ཐར། མ་ལེ་ཞི་ཡ། ཕ་ཁི་སི་ཐན་བཅས་སོ་སོར་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ4བོ་དེས་སོ་སོར་གློད་བཀྲོལ་བཏང་བའི་ཕ་ལེ་སི་ཐན་པ15བསྡུ་ལེན་བྱ་རྒྱུ་ཡིན་ཞེས་བཤད།

དབྱི་སི་རལ་དང་ཧ་མ་སི་གཉིས་ཀྱིས་ཟླ1ཚེས15ཉིན་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་ཐད་གྲོས་མཐུན་བཞག་ཡོད། གྲོས་མཐུན་དེར་ཟླ1ཚེས19ཉིན་ནུས་པ་ཐོན་རྒྱུ་རེད།  དམག་འཁྲུག་མཚམས་འཇོག་པའི་དུས་རིམ་དང་པོ་གཟའ་འཁོར་དྲུག་རྒྱུན་འཁྱོངས་བྱས་པ་དང་། དེའི་རིང་ཕྱོགས་གཉིས་ཀྱིས་རང་སོ་སོས་བཀག་ཉར་བྱས་པའི་ཕ་རོལ་པོའི་མི་སྣ་ཁག་ཅིག་བརྗེ་རེས་བྱས་པ་རེད། ཟླ2པའི་ཚེས4ཉིན། ཧ་མ་སིས་གསལ་བསྒྲགས་སྤེལ་ནས་ཅ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་འབྲེལ་གཏུག་དང་གྲོས་མོལ་བྱེད་མགོ་བརྩམས་ཡོད་ཟེར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་འཐུས་ཚབ་ཚོགས་པ་ཁ་ཐར་གྱི་ཏོ་ཧར་མངགས་ནས། ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་ལག་བསྟར་བྱ་རྒྱུའི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།