མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་རོགས་སྐྱོར་ཚོགས་པས་ལི་པི་ཡའི་འདེམས་བསྐོ་ཆེན་པོའི་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས།
2025.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཚེས4ཉིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་རོགས་སྐྱོར་ཚོགས་པས(ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པ)བློ་འདྲི་ཨུ་ཡོན་ལྷན་ཁང་ཞིག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས། ལི་པི་ཡའི་འདེམས་བསྐོ་ཆེན་མོ་བསྡུ་བར་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད།

ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བློ་འདྲི་ཨུ་ཡོན་ལྷན་ཁང་དེ་ནི་རྒྱ་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་ལི་པི་ཡའི་མི་སྣ20ལས་གྲུབ་པ་ཞིག་ཡིན་པ་དང་། ཁོ་ཚོས་ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པར་བཀོལ་སྤྱོད་བྱེད་ཆོག་པར་མ་ཟད་ལི་པི་ཡའི་མི་མང་ཆེ་བའི་ཁས་ལེན་ཐོབ་པའི་གྲོས་གཞི་ཞིག་འབུལ་རྒྱུའི་དམིགས་ཡུལ་ནི། ལི་པི་ཡའི་འདེམས་བསྐོ་ཆེན་མོའི་འཕེལ་རིམ་ཁྲོད་ཀྱི་ཁྲུན་ཐག་མ་ཆོད་པའི་གནད་དོན་ཁག་ཅིག་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞེས་བཤད།

ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་འདྲི་ཨུ་ཡོན་ལྷན་ཁང་དེ་བཙུགས་པ་བརྒྱུད། ལི་པི་ཡའི་མིག་སྔའི་ཆབ་སྲིད་ཀྱི་འཕེལ་མེད་སོར་གནས་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། 

ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པའི་ལས་ཚབ་གཙོ་གཉེར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་བའི་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་འཐུས་མི་གཞོན་པ་སི་ཏི་ཧྥུན་ཉི·ཁུའུ་ལིས2024ལོའི་ཟླ12པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ལི་པི་ཡའི་ཕྱོགས་སོ་སོའི་འཐུས་མི་ལས་གྲུབ་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། ལི་པི་ཡར་འདེམས་བསྐོ་ཆེན་མོ་བསྡུ་བར་ལག་བསྟར་བྱེད་ཆོག་པའི་གྲོས་གཞི་བཏོན་པ་རེད།

2011ལོར་ཁ་ཀྲ་ཧྥེའི་སྲིད་དབང་མགོ་རྟིང་སློག་པ་ནས་བཟུང་ལི་པི་ཡ་གཡོ་འགུལ་གྱི་གནས་སུ་གྱར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་བྱས་པའི་མི་རིགས་གཅིག་གྱུར་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་རྒྱུད་ས་ཁུལ་ཁག་ཅིག་ཚོད་འཛིན་བྱས་པ་དང་།རྒྱལ་དམངས་འཐུས་མི་ཚོགས་ཆེན་དེ“རྒྱལ་དམངས་དམག”དང་མནའ་འབྲེལ་བྱས་ཏེ།མི་རིགས་གཅིག་གྱུར་སྲིད་གཞུང་དང་ལི་པི་ཡའི་མངའ་ཁོངས་སུ་བཅད་གཅོད་ཁ་གཏད་ཀྱི་རྣམ་པ་ཆགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུམ་སྒྲིག་འོག  ལི་པི་ཡའི་གདོང་ཐུག་ཕྱོགས་གཉིས་ཀྱིས2020ལོའི་ཟླ10པར་སུའེ་ཙེར་རི་ནེ་ཝར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པར་མ་ཟད། ལོ་དེའི་ཟླ11པར་ཐུ་ནི་སིར་བསྡུས་པའི་ཆབ་སྲིད་གླེང་མོལ་བྱེད་སྐབས། “འདེམས་བསྐོའི་ཕྱོགས་སུ་བསྐྱོད་པའི་ལམ་ཐིག་ས་ཁྲའི”ཐད་གཅིག་མཐུན་བྱུང་ནས། 2021ལོའི་ཟླ12པར་ཙུང་ཐུང་དང་གྲོས་ཁང་འདེམས་བསྐོ་བྱ་རྒྱུའི་མོས་མཐུན་བྱུང་བ་རེད། དེའི་རྗེས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལི་པི་ཡའི་གྲོས་ཁང་དང་ཙུང་ཐུང་འདེམས་བསྐོ་འགོར་འགྱངས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།