ཚེས4ཉིན། ཐུར་ཁེའི་ཙུང་ཐུང་ཨར་ཏོ་ཨན་གྱིས་རྒྱལ་ས་ཨན་ཁ་ལ་རུ་འཚམས་འདྲིར་ཡོང་བའི་སི་རི་ཡའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཨའེ་ཧ་མེ་ཏི·ཧྲ་ལ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་པའི་སྐོར་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་རེད།
ཨེར་ཏོ་ཨན་གྱིས་ཧྲ་ལ་རུ་བསྡུས་པའི་མཉམ་འབྲེལ་གསར་འགྱུརསྒྲོག་སྤེལ་ཚོགས་འདུའི་སྟེང་། ཐུར་ཁེ་ཡིས་སི་རི་ཡའི་མངའ་ཁོངས་ཆ་ཚང་དང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུར་གཞོལ་ནས་སི་རི་ཡར་གནོད་འཚེ་ཚབས་ཆེན་ཐེབས་པའི་གྲོང་ཁྱེར་བསྐྱར་སྐྲུན་བྱ་རྒྱུར་གཞོགས་འདེགས་བྱེད་འདོད་ཡོད་ཅེས་བཤད་པ་རེད། ཨར་ཏོ་ཨན་གྱིས་ད་དུང་ཐུར་ཁེ་ཡིས་སི་རི་ཡ་ཡིས “དབྱི་སི་ལན་རྒྱལ་ཁབ”སོགས་ཐལ་སྐྱོད་རྩ་འཛུགས་ལ་རྡུང་རྡེག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཁས་ལེན་བྱས་པ་རེད།
གཞན་ཡང་ཕྱོགས་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འདོད་བློ་དྲག་པོ་མཚོན་པ་རེད། ཨེར་ཏོ་ཨན་གྱིས་དཔལ་འབྱོར་སླར་གསོ་ཇེ་མགྱོགས་སུ་གཏོང་རྒྱུ་དེས་ཡུལ་གྱར་པ་རང་མོས་ངང་སི་རི་ཡར་ཕྱིར་ལོག་པར་སྐུལ་འདེད་གཏོང་ཐུབ་ཅེས་བཤད་པ་རེད། ཁོས་ཐུར་ཁེ་དང་སི་རི་ཡ་ཕྱོགས་གཉིས་ཀྱི་ཚོང་དོན་དང་དམངས་སྤྱོད་མཁའ་འགྲུལ། ནུས་ཁུངས། འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཐོབ་པའི་འཕེལ་རྒྱས་ནན་བཤད་བྱས་པ་དང་། ཨ་རབ་དང་དབྱི་སི་ལན་གྱིས་འཛམ་གླིང་གིས་སི་རི་ཡའི་སྲིད་གཞུང་གསར་པ་དང་སི་རི་ཡའི་མི་དམངས་ལ་དཔལ་འབྱོར་དང་བདེན་ལུགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་པར་མ་ཟད། དེ་ནི“གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་བཤད།
ཧྲ་ལ་ཡིས་སི་རི་ཡ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་སྔར་ལས་གཏིང་ཟབ་པའི་འཐབ་ཇུས་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་ཅིང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་གཉིས་ཀྱིས་ཚོང་ལས་འགྲོ་འོང་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པར་བསྟན་པ་དང་། ཁོས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་སླར་གསོ་བྱས་ན་སི་རི་ཡའི་དཔལ་འབྱོར་སླར་གསོ་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་ནན་གྱིས་བསྟན།
ན་ནིང་ཟླ12པའི་ཚེས8ཉིན། ཧྲ་ལས་མགོ་ཁྲིད་པའི“སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས”ཀྱིས“ཏ་མ་སི་ཁུ་བཅིངས་འགྲོལ་གཏོང་བ་དང་མཉམ་དུ་ཨ་ས་ཏེ་སྲིད་དབང་མགོ་རྟིང་སློག་པའི”ཁྱབ་བསྒྲགས་བྱས་པ་རེད། སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་ཟླ་དེའི་ཚེས10ཉིན་དབང་ཆ་དངོས་སུ་རྩིས་ལེན་བདག་སྤྲོད་བྱས་པ་རེད། ད་ལོའི་ཟླ1ཚེས29ཉིན། སི་རི་ཡའི་ཆེས་མཐོའི་དམག་དོན་ཐབས་ཇུས་སྒྲིག་གཞི“དམག་དོན་བྱ་སྤྱོད་དོ་དམ་ཅུའུ་ཡིས”དེའི་སྤྱི་ཁྱབ་བཀོད་འདོམས་ཧྲ་ལའི་བར་བརྒལ་དུས་སྐབས་སུ་ཙུང་ཐུང་གི་འགན་འཁུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།