ཟླ2ཚེས4ཉིན། ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན། ཕྱིར་སྡོད་ལས་གཉེར་བློན་ཆེན་ས་ཧྥ་ཏིས་ཀྱིས་ཞི་ལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཡེ་ལ་པིས་ཏི་ལིས་ཏིས་སི་དང་ལྷན་དུ་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན། ཕྱིར་སྡོད་ལས་གཉེར་བློན་ཆེན་ས་ཧྥ་ཏིས་ཀྱིས་ཚེས4ཉིན་རྒྱལ་ས་ཨན་མན་དུ་འཚམས་འདྲིར་ཡོང་བའི་ཞི་ལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཡེ་ལ་པིས་ཏི་ལིས་ཏིས་སི་དང་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲུབ་འབྲས་ས་བརྟན་དུ་གཏོང་བ་དང་། ས་ཁུལ་གྱི་དམག་འཁྲུག་གཏན་དུ་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་།
ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས4ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་དུ་ས་ཁུལ་གནས་བབ་ཐད་ཀྱི་འཕེལ་རྒྱས་དང་ས་ཁུལ་གྱི་ཉེན་ཁ་ཐག་གཅོད་པ། བདེ་འཇགས་བརྟན་འཇགས་མངོན་འགྱུར་བྱེད་པའི་ཐད་འབད་པ་བྱེད་པར་གྲོས་སྡུར་བྱས་ཤིང་། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲུབ་འབྲས་དང་ཅ་ཧྲའི་ས་ཁུལ་སོ་སོར་མྱུར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་དགོས་གལ་རང་བཞིན་ནན་བཤད་བྱས།
ས་ཧྥ་ཏིས་ཀྱིས་ཡེ་ལ་པིས་ཏི་ལིས་ཏིས་སི་ལ་ཉེ་ལམ་ཨེ་ཅིབ་ཀྱི་ཁེ་རོ་ནས་བསྡུས་པའི་ཨ་རབ་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། ཚོགས་ཞུགས་ཨ་རབ་རྒྱལ་ཁབ་ཀྱིས་ངེས་པར་དུ་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲུབ་འབྲས་དང་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཤུགས་སྣོན་དགོས་པའི་ཚུལ་བསྟན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་གཞག་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཡེ་ལ་པིས་ཏི་ལིས་ཏིས་སི་ཡིས་བསྟན་དོན། མིག་སྔར་གྱི་དོན་དག་གཙོ་བོ་ནི་ཅ་ཧྲའི་ས་ཁུལ་སོ་སོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལེ་སི་ཐན་ཤར་མ་དང་ཉེ་བའི་ཡུལ་གྱུར་རོགས་སྐྱོབ་དང་བཟོ་བསྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།