ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་བཏང་།
2025.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཚེས5ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་སུའུ་ཏན་ལྷོ་མའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་བར་བརྒལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཞི་བདེ་བརྟན་འཇགས་སྲུང་སྐྱོང་བྱེད་པ། མི་ཆོས་རིང་ལུགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་སུའུ་ཏན་ལྷོ་མར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

ཧྥུའུ་ཚུང་གིས་སུའུ་ཏན་ལྷོ་མའི་ཆབ་སྲིད་འཕེལ་རིམ་དེ་བར་བརྒལ་དུས་སྐབས་གསར་པར་སླེབས་ཡོད་པ་རེད།   ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་སུའུ་ཏན་ལྷོ་མའི་གདོང་ཐུག་ཐག་གཅོད་བྱས་ནས་སླར་གསོ་བྱ་རྒྱུའི་གྲོས་མཐུན་དོན་འཁྱོལ་བྱེད་པའི་ཆོད་སེམས་དང་འདོད་མོས་ལ་བསྔགས་བརྗོད་བྱེད་པ་དང་། སུའུ་ཏན་ལྷོ་མའི་འདེམས་བསྐོ་ཆེན་མོ་སོགས་ཀྱི་གྲ་སྒྲིག་ཐད་སྤྱད་པའི་དགེ་མཚན་ལྡན་པའི་བྱེད་ཐབས་ལ་དགའ་བསུ་ཞུ་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་ཕྱོགས་སོ་སོས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གཞིགས་ནས་མུ་མཐུད་དུ་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆ་སེལ་རྒྱུའི་འབོད་སྐུལ་བཏང་པ་ཡིན། ཆབ་སྲིད་བར་བརྒལ་གྱི་གནད་དོན་ཐད་དུ།“ངང་ཐུང་འབད་པས་འགྲུབ་མི་ཐུབ།”  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་བདག་དབང་དང་གཙོ་བདག་དབང་ཆར་བརྩི་འཇོག་ཏན་ཏིག་བྱེད་པ་དང་སུའུ་ཏན་ལྷོ་མའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་བྱས་ནས། བསྟུན་མཁས་དང་ངང་རྒྱུད་རིང་པོ་མངོན་པར་བྱེད་དགོས་ཞེས་བཤད།

ཧྥུའུ་ཚུང་གིས་བཤད་རྒྱུར། ཉེ་ཆར་སུའུ་ཏན་ལྷོ་མའི་ཐིག་དམར་མངའ་སྡེ་ཤར་མ་དང་ཝ་ལ་པུའུ་མངའ་སྡེ་སོགས་སུ་ཚོ་པའི་བར་གྱི་གདོང་ཐུག་སོགས་བདེ་འཇགས་མིན་པའི་དོན་རྐྱེན་མང་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཚོགས་པས(སུའུ་ཏན་ལྷོ་མར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་པའི)སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་རིགས་རྒྱུད་བར་གྱི་གྲོས་མོལ་དང་འདུམ་སྒྲིག་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་མ་བཏང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་ཞི་བདེ་སྲུང་སྐྱོང་དང་མི་སེར་སྲུང་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དེ་ལས་ལེགས་པའི་སྒོ་ནས་འཁུར་རྒྱུར་རོགས་རམ་བྱེད་དགོས། མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་སོགས་བཀག་སྡོམ་བྱེད་ཐབས་ཀྱིས་སུའུ་ཏན་ལྷོ་མའི་བདེ་འཇགས་ནུས་པའི་འཛུགས་སྐྱོང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་གང་མགྱོགས་ཀྱིས་ལེགས་སྒྲིག་བྱེད་པའམ་ཡང་ན་མེད་པར་བཟོ་དགོས་ཟེར།

ཧྥུ་ཚུང་གིས་བསྟན་དོན། སུའུ་ཏན་གྱི་གདོང་ཐུག་མུ་མཐུད་དུ་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་ཡུལ་གྱར་དང་ཕ་ཡུལ་དུ་ཕྱིར་ལོག་པའི་མི་སྣ་ཁྲི་བརྒྱ་ལྷག་ཙམ་སུའུ་ཏན་ལྷོ་མར་ཡོང་བ་མ་ཟད། དེའི་ཁར་འབྲུ་རིགས་བདེ་འཇགས་མིན་པའི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་འགོས་ནད་ཁྱབ་པ་སོགས་ཀྱི་དབང་གིས་མ་གཞི་ནས་ཉམས་ཞན་ཡིན་པའི་དཔལ་འབྱོར་དང་མི་ཆོས་ཀྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཆོས་དང་ལེན་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་པ་དང་ཆབས་ཅིག་རོགས་སྐྱོར་ལ་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་ཡོང་བ་བྱེད་དགོས། ཉེ་ལམ་ཀྲུང་གོས་སུའུ་ཏན་ལྷོ་མར་འབྲུ་རིགས་དང་སྨན་བཅོས་དངོས་རྫས་སོགས་ཀྱི་རོགས་སྐྱོར་རིགས་མང་པོ་མཁོ་འདོན་བྱས་ནས། སུའུ་ཏན་ལྷོ་མར་མི་ཆོས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་མུ་མཐུད་དུ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཧྥུའུ་ཚུང་གིས་ཉེ་ཆར་སུའུ་ཏན་ལྷོ་མར་སླེབས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣ་སྐོར་གསར་པ་རེས་མོས་རྩིས་སྤྲོད་བདེ་བླག་ངང་ལེགས་གྲུབ་བྱུང་བས།ཁོས་སྔར་བཞིན་འགན་འཁྲི་བསྒྲུབ་རྒྱུ་དང་ལས་འགན་ལག་ལེན་དུ་བསྟར་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སུའུ་ཏན་ལྷོ་མའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་མུ་མཐུད་དུ་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།