དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ་མི་ཞུགས་རྒྱུ་ཁྱབ་བསྒྲགས་བྱས།
2025.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས5ཉིན། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ས་ཨར་གྱིས་རྗེས་ཕྱོགས་སུ་དབྱི་སི་རལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཞུགས་རྒྱུ་མིན་ཞེས་བཤད་པ་རེད།

ས་ཨར་གྱིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་དབྱི་སི་རལ་གྱིས་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་དགའ་བསུ་ཞུ་རྒྱུ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཨ་རི་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནང་ཞུགས་རྒྱུ་མིན་ཞེས་བཤད་པ་རེད།

ས་ཨར་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་ལ“རྒོལ་གཏམ་རང་བཞིན་གྱི་གྲོས་ཆོད”100ལྷག་ཙམ་བཏང་ཡོད་པས་དབྱི་སི་རལ་གྱིས“མཐོང་ཆུང”དེ་རིགས་དང་ལེན་མི་བྱེད་ཅེས་བཤད།

ཚེས4ཉིན། ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།  ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་རོགས་སྐྱོར་བྱེད་རྒྱུ་བཀག་འགོག་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།