ཚེས6ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁོས་དབྱི་སི་རལ་གྱི་དམག་དཔུང་ལ་འཆར་གཞི་ཞིག་བཟོས་ནས་མི་རྣམས“རང་མོས་ངང་ཅ་ཧྲ་ས་ཁུལ་ནས་ཁ་བྲལ་ཆོག”ཅེས་བཀའ་ཕབ་ཡོད་ཟེར།
ཁ་ཚི་ཡིས་བཤད་རྒྱུར། སྐམ་ས་དང་མཚོ་ཐོག མཁའ་ཐོག་བཅས་ཀྱི་བྱ་ཐབས་གསུམ་བརྒྱུད་ནས་མི་རྣམས་མངའ་ཁོངས་ནས་ཁ་འབྲལ་བར་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་ཟེར། ཁོས་ད་དུང་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་མི་དམངས་ཀྱིས“རང་མོས་གནས་སྤོ་དང་གནས་སྤོས་ཀྱི་དབང་ཆ་ལོངས་སུ་སྤྱོད་དགོས”ཟེར།
ཁ་ཚི་ཡིས་ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་བཏོན་པའི་ཨ་རིས་ཅ་ཧྲ་ས་ཁུལ“རྩིས་ལེན་བདག་སྤྲོད་བྱེད་པའི”གྲོས་མགོ་དང་ལེན་བྱ་རྒྱུ་དང་། བྱ་སྤྱོད་དེས“དམག་དོན་ཅན་མེད་པར་བཟོ་བ་དང་བདེ་འཇགས་ཀྱི་འཇིགས་སྐུལ་མེད་པར་བཟོ་བའི་གནས་ཚུལ་འོག་ཅ་ཧྲ་ས་ཁུལ་བསྐྱར་སྐྲུན་བྱ་རྒྱུར་ཕན་ཐོགས་ཡོད”ཅེས་བསྟན།
ཚེས4ཉིན། ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཁོས་ཨ་རིས་ཅ་ཧྲ་ས་ཁུལ“རྩིས་ལེན”བྱས་ནས“ཡུན་རིང་དབང་བའི”རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་མིག་སྔར་ཅ་ཧྲ་ས་ཁུལ་དུ་སྡོད་པའི་ཕ་ལེ་སི་ཐན་པ་རྒྱལ་ཁབ་གཞན་དུ་གནས་སྤོར་བར་བཀོད་སྒྲིག་བྱེད་དགོས་ཟེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྣམ་འགྱུར་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བས་དང་ལེན་བྱེད་མི་ཐུབ”ཅེས་གཅིག་རྗེས་གཉིས་མཐུད་ངང་རྒོལ་གཏམ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།