ཙམ་པ་ཝེ་ཡི་དམག་གྲུ་ཞིག་སར་ལྷུང་ནས་མི1རྐྱེན་ལམ་དུ་ཤོར་།
2025.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཚེས་6ཉིན་ཙམ་པ་ཝེ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དམག་ཕྱོགས་ཀྱི་རླུང་འབུད་རྣམ་པའི་རྩལ་ཁྲིད་གནམ་གྲུ་ཞིག་ཉིན་དེར་རྒྱལ་ཁབ་དེའི་དབུས་རྒྱུད་ཞིང་ཆེན་དུ་ལྷུང་ནས་འཕུར་སྐྱོད་པ1རྐྱེན་ལམ་དུ་ཤོར་ཟེར།

གསལ་བསྒྲགས་ལྟར་ན། གནམ་གྲུ་དབུས་རྒྱུད་ཞིང་ཆེན་གྱི་ཀྲེན་ཀྲུའུ་ཅི་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ5ཡི་སར་ལྷུང་བ་དང་། དོན་རྐྱེན་བྱུང་སྐབས་འཕུར་སྐྱོད་པ་དེས་རྐྱང་འཕུར་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། དོན་རྐྱེན་དེས་ས་ངོས་ཀྱི་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་མེད།

གསལ་བསྒྲགས་ལས་བཤད་རྒྱུར། ཙམ་པ་ཝེ་དམག་ཕྱོགས་ཀྱིས་བརྟག་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ནས་དོན་རྐྱེན་གྱི་འབྱུང་རྐྱེན་ལ་སྔར་ལས་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།