དབྱི་ལིང་གསར་བརྗེའི་སྲུང་དམག་རུ་ཁག་གིས་ས་གནས་དེའི་ཞིབ་འཇུག་གསར་སྤེལ་བྱས་པའི་མི་མེད་མཁའ་སྤྱོད་མ་གྲུ་དང་ལེན་བྱས།
2025.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས6ཉིན། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལིང་གིས་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི“ཧྲ་ཞི་ཏེ·པ་ཀའེ་ལི”རྟགས་ཅན་གྱི་མི་མེད་མཁའ་སྤྱོད་མ་གྲུ་ཉིན་དེར་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་མཚོ་དམག་དམག་གྲུ་རུ་ཁག་ཁྲོད་དངོས་སུ་ཞུགས་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན། མི་མེད་མཁའ་སྤྱོད་མ་གྲུ་དེའི་རིང་ཚད་ལ་རྨིད་240དང་། མཐོ་ཚད་རྨིད21ཡོད་ཅིང་། རྒྱུག་ལམ་གྱི་རིང་ཚད་རྨིད180ཡིན་པ་དང་། ཉིན་དེར་དབྱི་ལིང་ལྷོ་རྒྱུད་ཨ་པ་སི་གྲུ་ཁར་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་མཚོ་དམག་དམག་གྲུ་རུ་ཁག་ལ་སྤྲད་པ་རེད། མི་མེད་མཁའ་སྤྱོད་མ་གྲུ་དེར་ནུས་པ་མི་འདྲ་བའི་མི་མེད་གནམ་གྲུ་མང་པོ་ཞིག་བཞག་ཆོག་པ་དང་མྱུལ་ཞིབ་དང་འཐབ་འཛིང་གི་མི་མེད་གནམ་གྲུ་སྣ་ཚོགས་འཕེན་གཏོང་དང་།ཚུར་བསྡུ།བཀོལ་སྤྱོད་བཅས་བྱེད་ཐུབ།

དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་མུའུ་ཧན་མའོ་ཏི·པ་ཀའེ་ལིས་ཀྱིས་རྩིས་སྤྲོད་མཛད་སྒོའི་སྟེང་བཤད་རྒྱུར། མིག་སྔར་དབྱི་ལིང་གི་དམག་དོན་སྒྲིག་ཆས90%ལྷག་ཙམ་རྒྱལ་ཁབ་རང་གིས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་ཀྱི་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་མཚོ་དམག་གི་སི་ལིང་ཨ་ལི་ལི་ས·ཐན་ཀེ་ཞིས་ལིས་ཀྱིས་བཤད་རྒྱུར། “ཧྲ་ཞི་ཏེ·པ་ཀའེ་ལི”རྟགས་ཅན་གྱི་མི་མེད་མཁའ་སྤྱོད་མ་གྲུ་ནི་དབྱི་ལིང་གིས་རྒྱང་རིང་ས་ཁུལ་དུ་འགོག་སྲུང་དང་འཇིགས་སྐུལ་ནུས་པ་ཆེ་རུ་གཏོང་བའི་གོམ་པ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་ཁེ་ཕན་འགན་ལེན་བྱ་རྒྱུར་ཕན་ཐོགས་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།