ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཨ་སྒོར་ཐེར་ཆེན་བཞི་ནས་ཐེར་ཆེན་ལྔ་ཙམ་ཡུལ་གྱར་བའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་རྒྱུ་ཡིན་པར་བསྟན།
2025.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཚེས6ཉིན།  ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ལ་རྒྱལ་ནང་གི་ཡུལ་གྱར་མི་སྣའི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་པར་ཨ་སྒོར་ཐེར་ཆེན་བཞི་ནས་ཐེར་ཆེན་ལྔ་ཙམ་དགོས་ཞེས་བཤད།

ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཙེ་ལན་སི་ཅི་ཡིས་ཅེ་ཕུའུ་རུ་འཚམས་འདྲིར་ཡོང་བའི་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གི་མགོ་གཙོ་ཨོ་ཏི་ལེ·ལེ་ནུའུ-པ་སོ་དང་ཐུག་འཕྲད་བྱས། ཙེ་ལན་སི་ཅི་ཡིས་དེའི་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡུལ་གྱར་བ་ཁྱོན་སྡོམ་ས་ཡ་ལྔ་ཙམ་ཡོད་པ་དང་། དེ་དག་གི་སྡོད་ཁང་གནད་དོན་ཐག་གཅོད་བྱ་ཆེད་ཝུའུ་ཁི་ལན་ཕྱོགས་ལ་མ་དངུལ་ཨ་སྒོར་ཐེར་ཆེན་བཞི་ནས་ཐེར་ཆེན་ལྔ་ཙམ་དགོས་ཀྱི་ཡོད་ཟེར། ཁོས་ཨུ་རུ་སུའི་བསྡམས་བཅད་བྱས་པའི་དངུལ་རྩའི་རྒྱུ་ནོར་བརྒྱུད་མ་དངུལ་གྱི་རྒྱབ་སྐྱོར་དེ་ལས་མང་པོ་ཐོབ་པར་རེ་བ་བྱེད་བཞིན་ཡོད་པ་དང་།  ཟླ་འདིར་བསྡུ་རྒྱུ་ཡིན་པའི་པའི་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུའི་སྐབས་སུ་གླེང་གཞི་དེའི་ཐད་ཡོ་རོབ་ཀྱི་རོགས་ཟླ་དང་གྲོས་བསྡུར་བྱ་རྒྱུ་ཡིན་ཟེར།

ཙེ་ལན་སི་ཅི་ཡིས་ད་དུང་ཨ་རིའི་རྒྱལ་སྤྱིའི་གསར་སྤེལ་ཧྲུའུ་ཡིས་ཝུའུ་ཁི་ལན་གྱི་སྤྱི་ཚོགས་རོགས་སྐྱོར་རྣམ་གྲངས་ཁག་ཅིག་བསྡམས་བཅད་བྱེད་པའི་རིང་ལ་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་ཝུའུ་ཁི་ལན་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་རོགས་སྐྱོར་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ལེ་ནོའུ-པ་སུའོ་ཡིས་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་ཝུའུ་ཁི་ལན་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཝུའུ་ཁི་ལན་གྱི་རྒྱལ་གཉེར་ལྕགས་ལམ་ཀུང་སིའི་འཕེལ་རྒྱས་དང་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས་ནས། ཝུའུ་ཁི་ལན་གྱི་དངོས་ཟོག་སྐྱེལ་འདྲེན་འགན་བཅོལ་ལས་སྒོ་སླར་གསོ་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བཤད། ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་ད་དུང་ཝུའུ་ཁི་ལན་གྱི་ཁེ་ལས་འབྲིང་ཆུང་ལ་ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་གི་དངུལ་རྩའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད།

ཚེས5ཉིན། ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མེ་ཅར་གྱིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།  ཝུའུ་ཁི་ལན་གྱི་ནང་བློན་ཁང་གིས་ཀེ་ལི་ཧྥུའུ་ན་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ཡི(ཨ་སྒོར1ཧ་ལམ་ཀེ་ལི་ཧྥུའུ་ན41.4དང་མཚུངས)གྲོན་དངུལ་བཏང་ནས། རྒྱལ་ནང་གི་ཡུལ་གྱར་མི་སྣའི་དམག་འཁྲུག་ལས་བྱུང་བའི་ཁང་པར་གཏོར་སྐྱོན་ཕོག་པར་ཁ་གསབ་བྱེད་རྒྱུ་གཏན་འབེབས་བྱས་ཡོད་ཅེས་བཤད་པ། འཆར་གཞི་དེ་ལྟར་ན། ཡུལ་གྱར་བ་ཁྱིམ་ཚང་ཁྲི1ལྷག་ཙམ་ལ་སྡོད་ཁང་གསར་པ་ཐོབ་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།