ཚེས6ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་དམངས་ཡོངས་ལ་ཕན་པ་ཐོབ་པའི་བསྟུན་མཁས་རང་བཞིན་གྱི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ལ་མ་ཧྥུའུ་ས་ཡིས་དགོང་མོ་དེར་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏུན་དུ་རྒྱལ་ཁབ་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་འབུལ་སྐབས་བཤད་རྒྱུར། སྲིད་གཞུང་གིས་ཉེ་ལམ་མ་འོངས་པའི་ལོ་ལྔའི་ནང་གི《དུས་འབྲིང་འཕེལ་རྒྱས་འཆར་འགོད》ལ་གྲོས་འཆམ་བྱུང་བ་དེའི་ནང་གི་འཐབ་ཇུས་གཙོ་གནད་གསུམ་ནི། བསྟུན་མཁས་རང་བཞིན་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་ལས་ཞུགས་གོ་སྐབས་བསྐྲུན་པ།དབུལ་ཕོངས་ཉུང་དུ་གཏོང་བ།འཚོ་བའི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་པ།དེ་མིན་ནུས་པ་དང་ཀུན་སྤྱོད་ལྡན་ལ་འཕེལ་རྒྱས་ལ་གཞོལ་བའི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱ་རྒྱུ་བཅས་ཡིན་ཟེར།
ལ་མ་ཧྥུའུ་ས་ཡིས་བཤད་རྒྱུར། སྲིད་གཞུང་གི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་དཔལ་འབྱོར་འཕར་སྣོན3%ཡན་བར་མཐོ་རུ་གཏོང་དགོས། དེར་བརྟེན་སྲིད་གཞུང་གིས་མ་འོངས་པའི་ལོ་གཅིག་གི་ནང་ཆུའི་ཐོན་ཁུངས་དང་གློག་ཤུགས། གཏེར་རྫས། ཟོག་འགྲུལ། ཡུལ་སྐོར། གཞི་གྲངས་དཔལ་འབྱོར། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་སྐོར་ཐེངས་གསར་པའི་བཅོས་སྒྱུར་བྱེད་རྒྱུ་ཡིན་པ་དང་།མིག་སྔའི་གཙོ་གནད་ཅིག་ནི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་གློག་ཤུགས་ཀུང་སི་དང་།ཨ་ཧྥེ་རི་ཁ་ལྷོ་མའི་སྐྱེལ་འདྲེན་ཀུང་སི།དཔལ་འབྱོར་ལ་གལ་འགངས་ཆེ་བའི་གཞུང་ཁོངས་ཁེ་ལས་གཞན་དག་བཅས་ལ་བཅོས་སྒྱུར་བྱས་ནས་དེའི་ཕན་ནུས་ཡག་ཤོས་འདོན་སྤེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཟེར།
ལ་མ་ཧྥུའུ་ས་ཡིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་སྲིད་གཞུང་ལས་དོན་གྱི་སྔོན་ལ་སྒྲུབ་དགོས་པའི་བྱ་བ་གཞན་ཞིག་ཡིན། ཆུ་ཚད་སྔར་ལས་མཐོ་བའི་དཔལ་འབྱོར་འཕར་བ་མངོན་འགྱུར་བྱ་ཆེད།སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་ལ་གཞི་ཁྱོན་ཆེ་བའི་མ་འཇོག་བྱེད་པ་དང་མཉམ་དུ། ད་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྲུང་སྐྱོང་བྱེད་བཞིན་ཡོད། མ་འོངས་པའི་ལོ་གསུམ་གྱི་ནང་དུ་ལན་ཐེ་ཁྲག་ཁྲིག་དགུ་དང་ཐེར་ཆེན་བཞི(མི་དམངས་ཤོག་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བདུན་དང་མཚུངས)བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་ནན་གྱིས་བསྟན།
ལ་མ་ཕུའུ་ས་ཡིས་ད་དུང་བཤད་རྒྱུར། ད་དུང2024ལོའི་ཟླ12པའི་ཚེས1ཉིན་ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི(G20)རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི(G20) རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོར་གྱུར་ཡོད།“དེ་ནི་ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་གི་དགོས་མཁོ་སྔར་ལས་བརྟན་པོའི་ངང་རྒྱལ་སྤྱིའི་འཕེལ་རྒྱས་གྲོས་རིམ་ནང་ཞུགས་པའི་གོ་སྐབས་ཤིག་རེད”ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།