ཚེས7ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སུའི་དམག་དཔུང་གིས་ཏུན་ཉེ་སི་ཁི་ས་ཁུལ་གྱི་ཅེ་ཨར་རིན་སི་ཁི་གྲོང་ཁྱེར(ཝུའུ་ཁི་ལན་ཕྱོགས་ཀྱིས་ཐོ་ལེ་ཚི་ཁི་གྲོང་ཁྱེར་ཟེར)ཚོད་འཛིན་བྱས་ཡོད་ཟེར།
ཉིན་དེར་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་སྤེལ་ནས། ཨུ་རུ་སུའི་དམག་དཔུང་གིས་ཕར་རྒོལ་ཆེན་པོ་བྱས་པར་བརྟེན་ཏུན་ཉེ་སི་ཁི་ས་ཁུལ་གྱི་ཅེ་ཨར་རིན་སི་ཁི་གྲོང་ཁྱེར“བཅིངས་འགྲོལ་བྱས་ཡོད”ཟེར།
ཚེས7ཉིན། ཨུ་རུ་སུའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཅེ་ཨར་རིན་སི་ཁི་ནི་ཝུའུ་ཁི་ལན་གྱི་དམག་དཔུང་གི་འགོག་སྲུང་ཁུལ་སྟོབས་ལྡན་ཞིག་ཡིན་པ་དང་དར་རྒྱས་ཆེ་བའི་ལྕགས་ལམ་དྲ་བ་ཡོད། ཝུའུ་ཁི་ལན་གྱི་དམག་དཔུང2014ལོ་ནས་བཟུང་ཐོག་མཐའ་བར་གསུམ་དུ་གནས་དེར་བཅའ་སྡོད་བྱས་ཡོད་པ་དང་། གྲོང་ཁྱེར་དེ་ཚོད་འཛིན་བྱས་ཚེ་ཨུ་རུ་སུའི་དམག་གིས་ཏུན་ཉེ་ཚི་ཁི-ཀོར་ལུའོ་ཧྥུའུ་ཁ-ཨའར་ཆའོ་མོ་ཧྥུའུ་སི་ཁིའི་ལམ་རྒྱུད་དུ་མཁོ་སྤྲོད་བྱེད་བདེ་བ་དང་། ཨུ་རུ་སུའི་དམག་གིས་ཀྱང་ནུབ་བྱང་ཕྱོགས་ཀྱི་ཁང་སི་ཐན་ཏིང་ནོ་ཧྥུའུ་ཁ་ཕྱོགས་སུ་ཕར་རྒོལ་བྱེད་ཐུབ།
ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་མིག་སྔར་གྲོང་ཁྱེར་དེ་ཨུ་རུ་སུའི་དམག་དཔུང་གིས་བཙན་བཟུང་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད། ཐུའོ་ལེ་ཚི་ཁེའི་འགོག་སྲུང་དམག་འཁྲུག་ནང་ཞུགས་པའི་ཝུའུ་ཁི་ལན་དམག་དཔུང་གི་དམིགས་བསལ་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་ཕྱི་དྲོ། སྤྱི་ཚོགས་སྨྱན་བྱད་སྟེང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ས་གནས་དེའི་ཨུ་རུ་སུའི་དམག་དཔུང་གཅིག་སྡུད་ས་ཁོངས་སུ་འབར་རྫས་འཕངས་པ་དེས་ཨུ་རུ་སུའི་དམག་དཔུང་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།