དབྱི་རག་དང་ཅོར་ཏན་གྱིས་ཕ་ལེ་སི་ཐན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་བསྐྱར་བསྒྲགས་བྱས།
2025.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས7ཉིན། དབྱི་རག་གི་ཙུང་ཐུང་ཕོ་བྲང་གིས་གསལ་བསྒྲགས་སྤེལ་ནས། དབྱི་རག་གི་ཙུང་ཐུང་ལ་ཞི་ཏེ་ཡིས་ཉིན་དེར་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་དང་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱིས་ཕ་ལེ་སི་ཐན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་བསྐྱར་བསྒྲགས་བྱས།

གསལ་བསྒྲགས་ལས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས། རང་ཚུགས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་ནི་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྨང་རྡོ་ཡིན་ཞེས་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་དུང་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་བ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐུན་མོང་འབད་བརྩོན་ཐད་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པས་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།