ཚེས8ཉིན། ཧུང་ཏུའུ་ལ་སིའི་གློ་བུར་དུ་བྱུང་བའི་གནོད་འཚེ་ལྟ་ཞིབ་ཚད་ལེན་སྡེ་ཁག་གིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་བྱང་རྒྱུད་དང་ཐག་ཉེ་བའི་ཁའེ་མན་གླིང་ཚོམ་མཚོ་ཁོངས་སུ་ཉིན་དེར་ཚད་རིམ7.3ཅན་གྱི་ས་ཡོམ་བྱུང་བ་དང་། གནས་སྐབས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་སྐོར་གྱི་སྙན་ཞུ་འབྱོར་མེད།
གནས་ཚུལ་ལས་ས་ཡོམ་དེ་ཡུལ་དེའི་ཚེས8ཉིན་གྱི་དུས་ཚོད17དང་སྐར་མ23་སྟེང(པེ་ཅིང་གི་དུས་ཚོད་ཚེས9ཉིན་གྱི་དུས་ཚོད7དང་སྐར་མ23)བྱུང་བ་དང་། ཡོམ་ལྟེ་ནི་ཁའེ་མན་གླིང་ཕྲན་གྱི་ཉེ་འགྲམ་ཡིན་ཞིང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་རྨིད10ཡོད་པ་རེད།
ས་ཡོམ་བྱུང་རྗེས། ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུའུ་ཡི་རྒྱལ་ཁབ་མཚོ་ཡོམ་སྔོན་བརྡ་ལྟེ་གནས་ཀྱིས་ཅ་ལེ་པིའི་ས་ཁུལ་གྱི་པོ་ཏུའོ་ལི་ཀོ་སོགས་ལ་མཚོ་ཡོམ་སྔོན་བརྡ་བཏང་ཡོད།
གཞན་ཡང་ཁུ་པའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཁུ་པའི་ཅ་ལེ་པའི་མཚོ་འགྲམ་གྱི་ས་ཆ་མང་པོའི་མང་ཚོགས་ལ་ཡོམ་ཚོར་བྱུང་ཡོད་ཟེར།
ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བས་དེ་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། ཅ་ལེ་པིའི་ཧེ་ཁའེ་མན་གླིང་ཚོམ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཚད་རིམ8.0ཅན་གྱི་ས་ཡོམ་བྱུང་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།