ཨ་ཧྥེ་རི་ཁའི་གླིང་གི་མགོ་ཁྲིད་པས་ཁོང་ཀོ(ཅིན)དུ་དམག་འཁྲུག་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2025.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས8ཉིན། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་སྒྲིག་གཞི(ཤར་མའི་ཐུན་མོང་སྒྲིག་གཞི)དང་ཨ་ཧྥེ་རི་ཁ་ལྷོ་མའི་གླིང་གི་འཕེལ་རྒྱས་ཐུན་མོང་སྒྲིག་གཞི(ལྷོ་ཕྱོགས་ཐུན་མོང་སྒྲིག་གཞི)གཉིས་ཀྱིས་ཐན་ཙན་ནི་ཡའི་ཏ་ལེ་སི་ས་ལ་མུའུ་རུ་མཉམ་འབྲེལ་གྱིས་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་མགོ་གཙོའི་ཚོགས་འདུ་བསྡུས་ནས།  ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཁོང་ཀོ(ཅིན)རུ་མྱུར་དུ་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

ཐེངས་འདིའི་རྩེ་ཚོགས་ནི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་། ཤར་ཕྱོགས་ཐུན་མོང་སྒྲིག་གཞིའི་རེས་འཁོར་ཀྲུའུ་ཞི། ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ། དེ་མིན་ལྷོ་ཨ་ཧྥེ་རི་ཁའི་ཐུན་མོང་སྒྲིག་གཞིའི་རེས་འཁོར་ཀྲུའུ་ཞི། ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་བཅས་ཀྱིས་མཉམ་དུ་མགོ་འཛིན་བྱས་པ་དང་།  ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོ་དང་ས་ཁོངས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཞུགས་ཡོད་པ་རེད།

ཧ་སང་གིས་མགོ་རྩོམ་མཛད་སྒོའི་སྟེང་འབྲེལ་ཡོད་ཕྱོགས་ཚང་མ་ཞི་བདེའི་གྲོས་མོལ་དང་འདུམ་སྒྲིག་ཁྲོད་ཧུར་ཐག་གིས་ཞུགས་ནས། ཁོང་ཀོའི(ཅིན་ཀོའི)གནས་བབ་ཐག་གཅོད་བྱེད་ཐུབ་པའི་ཇུས་གཞི་མཉམ་དུ་འཚོལ་དགོས་པ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཁོང་ཀོའི(ཅིན་ཀོའི)ཤར་རྒྱུད་ཀྱི་ཞི་བདེ་དང་བདེ་འཇགས་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད།

རྩེ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། ཚོགས་ཞུགས་ཕྱོགས་སོ་སོས་མྱུར་དུ་ཁོང་ཀོ(ཅིན)རུ་དམག་འཁྲུག་མཚམས་འཇོག་རྒྱུ་དང་ས་གནས་དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཀྱི་བགྲོད་ལམ་སླར་གསོ་བྱས་ཏེ། གྲོས་མོལ་བྱེད་པ་བརྒྱུད་ནས་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱ་ཐབས་ལ་བརྟེན་ནས་གདོང་ཐུག་ཐག་གཅོད་བྱེད་དགོས་པར་བསྟན།

ཉེ་བའི་དུས་སྐབས་ཤིག་རིང་། ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས“M23ལས་འགུལ་གྱིས”པེ་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཀོ་མ་གྲོང་ཁྱེར་དང་བཅས་པའི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་མང་པོ་ཞིག་ལ་ཚུར་རྒོལ་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱབ་ཁོངས་དེ་ལས་ཆེ་བའི་ས་ཁུལ་གྱི་དམག་འཁྲུག་ལངས་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།