ཁར་ཐུའུ་མུའུ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས8ཉིན་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་སི་ལིང་གི་འགན་གཅིག་ལྕོགས་སུ་འཁུར་བའི་པུའུ་ཨར་ཧན་གྱིས་སྲིད་གཞུང་གསར་པ་ཞིག་བཙུགས་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ཉིན་དེར་པུའུ་ཨར་ཧན་གྱིས་སུའུ་ཏན་ཤར་རྒྱུད་ཀྱི་གྲོང་ཁྱེར་སུའུ་ཏན་གྲུ་ཁར་བསྡུས་པའི་ཆབ་སྲིད་སྟོབས་ཤུགས་ཁག་གི་གྲོས་མོལ་ཚོགས་འདུའི་སྟེང་། མ་འོངས་པའི་དུས་སྐབས་ཤིག་ལ“ལྟ་སྲུང་སྲིད་གཞུང་”འམ་ཡང་ན“དམག་འཁྲུག་སྐབས་ཀྱི་སྲིད་གཞུང”ཞིག་བཙུགས་ནས་བར་བརྒལ་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི“སུའུ་ཏན་མངའ་ཁོངས་ཀྱི་ངོ་ལོག་ཟིང་འཁྲུག་པ་གཙང་སེལ་བྱེད་པའི”དམག་དོན་བྱ་སྤྱོད་ལྷག་མ་ལེགས་འགྲུབ་བྱེད་པར་གཞོགས་འདེགས་བྱ་རྒྱུ་དེ་ཡིན་ཞེས་བཤད། པུའུ་ཨར་ཧན་གྱིས་སྲིད་གཞུང་གསར་པ་འཛུགས་རྒྱུའི་དུས་ཚོད་ཞིབ་ཏུ་གླེང་མེད།
པུའུ་ཨར་ཧན་གྱིས་ད་དུང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་མཚོན་ཆ་བསྐྱུར་ནས་ཁོ་ཚོས་བཟུང་བའི་མི་སེར་གྱི་སྡོད་ཁང་དང་དམངས་སྤྱོད་སྒྲིག་བཀོད་ནས་ཕྱིར་འཐེན་བྱས་ན་མ་གཏོགས་སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་དེ་དང་གྲོས་མོལ་བྱེད་མི་སྲིད། རོགས་སྐྱོར་དངོས་རྫས་ནུབ་རྒྱུད་ཀྱི་ཏ་ཨར་ཧྥུའུ་ཨར་བྱང་མའི་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞི་ཨར་དུ་སྐྱེལ་ཆེད། ད་ལོའི་སྨྱུག་ཟླའི་རིང་དམག་འཁྲུག་མཚམས་འཇོག་རྒྱུའི་འབྲེལ་ཡོད་གྲོས་མགོ་གླེང་སྐབས། པུའུ་ཨར་ཧན་གྱིས་སུའུ་ཏན་དྲག་ཆས་དམག་དཔུང་གི་དམག་འཁྲུག་མཚམས་འཇོག་རྒྱུའི་ཆ་རྐྱེན་ནི་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཁར་ཐུའུ་མུའུ་མངའ་སྡེ་དང་། ཞི་ཁི་ཨར་ཏོ་ཨར་ཧྥན་མངའ་སྡེ། ཏ་ཨར་ཧྥུའུ་ཨར་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་མཉམ་དུ་གཏན་འཁེལ་གྱི་གནས་སུ་འདུ་འཛོམས་བྱ་རྒྱུ་དེ་ཡིན་ཞེས་བཤད།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གཉིས་བར་རྒྱལ་ས་ཁར་ཐུའུ་མུའུ་རུ་གདོང་ཐུག་དྲག་པོ་བྱུང་བ་དང་། དེ་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་ཁྱབ། ལོ་གཉིས་ལ་ཉེ་བའི་རིང་རྒྱུན་འཁྱོངས་བྱས་པའི་གདོང་ཐུག་དྲག་པོའི་ཁྲོད་སུའུ་ཏན་གྱི་མི་ཁྲི2.97ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་གཉིས་ལྷག་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།