སོ་ཏི་ཨ་རབ་ཀྱིས་ཕ་ལེ་སི་ཐན་པ་གནས་སྤོ་བྱ་རྒྱུའི་སྐོར་གྱི་དབྱི་སི་རལ་གྱི་གཏམ་བརྗོད་ལ་རྒོལ་གཏམ་བཏང་།
2025.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཚེས9ཉིན།  སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཕ་ལེ་སི་ཐན་པ་གནས་སྤོ་བྱ་རྒྱུའི་སྐོར་གྱི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡི་གཏམ་བརྗོད་ལ་མཐའ་གཅིག་ཏུ་རྒོལ་གཏམ་བཏང་།  གཏམ་བརྗོད་དེའི་དམིགས་ཡུལ་ནི་དོ་སྣང་བྱེད་ཡུལ་བསྒྱུར་ནས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པར་བསྒྲུབས་པའི“ཉེས་གསོག”འགེབ་སྲུང་བྱ་ཆེད་ཡིན་པར་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་མི་དམངས་ལ་རང་གི་ས་ཆ་དབང་བའི་དབང་ཆ་ཡོད་པ་དང་། མི་སུ་ཞིག་ཡིན་རུང་ཕ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་དེ་རིགས་འཕྲོག་མི་ཆོག་ཅེས་འཁོད་ཡོད།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་ལས་ནེ་ཐ་ཉི་ཡ་ཧུའུ་ཀྱི“སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུའི”བཤད་ཚུལ་གསལ་བོར་བཏོན་མེད།

ཉིན་ཤས་ཀྱི་སྔོན་དུ་ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་རིར་འཚམས་འདྲི་བྱས། ཁོས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་སོ་ཏི་ཨ་རབ་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཆེན་པོ་ཞིག་ཡོད་པ་དང“སོ་ཏི་ཨ་རབ་ཏུ་ཕ་ལེ་སི་ཐན་གྱི་རྒྱལ་ཁབ་ཅིག་བཙུགས་ཆོག”ཅེས་བཤད། གཏམ་བརྗོད་དེར་རྒྱལ་ཁབ་མང་པོ་ཞིག་གིས་རྒོལ་གཏམ་བཏང་།

ཚེས9ཉིན། དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ནེ་ཐ་ཉི་ཡ་ཧུའུ་ཀྱི“སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི”གཏམ་བརྗོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་།  ཁོས་སོ་ཏི་ཨ་རབ་ཀྱི་བདག་དབང་ལ་མངོན་སུམ་འཛེམ་མེད་དུ་བཙན་གནོད་བྱས་པ་དང་། ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་ཡང་འགལ་ཡོད་ཟེར།

གཞན་ཡང་ཚེས8ཉིན། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་དང་དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་རྒྱལ་ས་ཐེ་ཧེ་རན་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་མཐོ་རིམ་དཔོན་རིགས་སོ་སོར་ཐུག་འཕྲད་བྱས་པ་དང་།  ཕེ་ཙེ་ཞི་ཆི་དབྱང་གིས་ཐུག་འཕྲད་བྱེད་སྐབས་དབྱི་ལིང་གིས་ཅ་ཧྲ་མི་དམངས་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་དང་།  དབྱི་སི་ལན་རྒྱལ་ཁབ་ཞུགས་པའི་རྒྱལ་སྤྱིའི་མནའ་འབྲེལ་ཞིག་བཙུགས་ནས་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པས་དབྱི་སི་རལ་གྱིས་གཏོར་བཤིག་བཏང་བའི་མངའ་ཁོངས་བསྐྱར་སྐྲུན་བྱེད་པར་རོགས་རམ་བྱ་རྒྱུའི་འབོད་སྐུལ་བཏང་། ཚོགས་འདུར་ཞུགས་པའི་ཧ་མ་སིའི་དཔོན་རིགས་ཤིག་གིས་ཅ་ཧྲའི་མ་འོངས་པའི་སྐོར་གྱི་ཨ་རི་དང་དབྱི་སི་རལ་གྱི་བཤད་ཚུལ་ནི་ནུས་པ་མེད་པ་ཞིག་ཡིན་པ་དང་ཅ་ཧྲའི་མ་འོངས་པ་ནི་དེའི་མི་དམངས་ལ་དབང་བ་ཞིག་རེད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།