དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་གྱི་ནེ་ཁྲ་ལིས་མུའུ་བར་ཁྱམས་ནས་ཕྱིར་འཐེན་བྱས།
2025.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་དུས་ཐོག་གསར་འགྱུར་ལས་ཚེས9ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ནེ་ཁྲ་ལིས་མུའུ་བར་ཁྱམས་ནས་ཕྱིར་འཐེན་བྱས།

དབྱི་སི་རལ་གྱི་དམག་དཔོན་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་བར་དམག་འཁྲུག་མཚམས་འཇོག་པའི་གཅིག་མཐུན་གྲོས་ཆོད་གཞིར་བཟུང་སྟེ། དབྱི་སི་རལ་དམག་དཔུང་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ནེ་ཁྲ་ལིས་མུའུ་བར་ཁྱམས་ནས་ཕྱིར་འཐེན་བྱས་ཤིང་། ཕྱིར་འཐེན་བྱ་བ་ཉིན་དེའི་དགོང་མོར་ལེགས་འགྲུབ་བྱུང་བ་བདེན་དཔང་བྱས།

ནེ་ཁྲ་ལིས་མུའུ་བར་ཁྱམས་ཀྱི་རིང་ཚད་ལ་སྤྱི་ལེ་དྲུག་ཡོད་ཅིང་། དེ་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་དོག་ལམ་ས་ཁུལ་དང་འདྲེས་ཡོད་ལ། མི་སྣ་དང་དངོས་ཟོང་ཅ་ཧྲ་ས་ཁུལ་བྱང་ཕྱོགས་སུ་འདྲེན་པའི་དགོས་ངེས་ཀྱི་ལམ་ཞིག་རེད། དབྱི་སི་རལ་དམག་དཔུང་གིས་ཐེངས་འདིའི་འགལ་བའི་ཁྲོད་ས་ཁུལ་འདི་བདག་འཛིན་བྱས་ཏེ། ཕ་ལེ་སི་ཐན་པའི་མི་སྣ་རང་དབང་སྒོས་ཅ་ཧྲ་ས་ཁུལ་གྱི་ལྷོ་བྱང་ཕྱོགས་སུ་འགྲོ་སྐྱོད་བྱེད་པར་བཀག་འགོག་བྱས།

གཞན་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས9ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ས་གནས་མང་པོ་ནས་འཇིགས་སྐུལ་མི་ཚོགས་བདའ་འདེད་བྱས་ཤིང་། མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱི་དམག་མིར་འཇིགས་སྐུལ་གང་རུང་ཐེབས་པར་ཁ་གཏད་འཇལ་རྒྱུ་ཡིན་ཟེར།

ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ཟླ1པོའི་ཚེས15ཉིན་གྲོས་འཆམ་བྱུང་ཞིང་། ཚེས19ཉིན་ནུས་ལྡན་དུ་གྱུར། དམག་འཁྲུག་མཚམས་བཞག་པའི་དུས་རིམ་དང་པོ་གཟའ་འཁོར་དྲུག་རིང་རྒྱུན་སྲིང་བྱས་ལ། ཧ་མ་སིས་བཀག་འཇུག་མི་སྣ་སོ་གསུམ་ཕྱིར་གཏོང་བ་དང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་སྟོང་ཕྲག་ལྷག་ཕྱིར་གཏོང་རྒྱུར་འཐད་པ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།