ལིས་པི་ཡཱ་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2025.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། མཉམ་འབྲེལ་རྒྱལ་ཚོགས་ལིས་པི་ཡཱ་རོགས་སྐྱོར་ཚོགས་པས་བཙུགས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་ཏིས་ལིས་པོ་ལི་ནས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་ཁྱབ་བསྒྲགས་བྱས་ཤིང་། ལིས་པི་ཡཱའི་མིག་སྔར་གྱི་གནས་བབ་དང་འདེམ་བསྐོ་ཆེན་མོ་སྤེལ་བར་འཕྲད་པའི་འབྲེལ་ཡོད་གནད་དོན་ལ་གྲོས་སྡུས་བྱས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ལིས་པི་ཡཱ་རོགས་སྐྱོར་ཚོགས་པས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པི་ཡཱའི་གནད་དོན་ཀྱི་དམིགས་བསལ་འཐུས་མི་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ལིས་པི་ཡཱ་རོགས་སྐྱོར་ཚོགས་པའི་གཙོ་སྐྱོང་ཚབ་མ་སི་ཏིས་ཧྥིན་ཉིས་ཁུའུ་ལིས་གྲོས་ཚོགས་དེར་ཞུགས་ནས་གཏམ་བཤད། ཁུའུ་ལིས་ཡིས་བཤད་རྒྱུར། བློ་འདྲི་ཨུ་ཡོན་ལྷན་ཁང་དེ་ནི་ལིས་པི་ཡཱའི་དཀྱེལ་ཡངས་རྣམ་པའི་ཆབ་སྲིད་འཕེལ་རིམ་གྱི་གྲས་ཤིག་ཡིན་པ་ལས། ཇུས་ཆོད་རང་བཞིན་གྱི་ལས་ཁུངས་ཤིག་མིན་ལ། ལིས་པི་ཡཱའི་ད་ཡོད་ཀྱི་རྩ་འཛུགས་དང་ལས་ཁུངས་གང་རུང་གི་ཚབ་མི་བྱེད། བློ་འདྲི་ཨུ་ཡོན་ལྷན་ཁང་དེས་ལིས་པི་ཡཱའི་ད་ཡོད་ཀྱི་སྒྲོམ་གཞི་དང་བཅའ་ཁྲིམས་རྨང་གཞི་བྱས་ཏེ་ལས་དོན་སྤེལ་རྒྱུ་ཡིན་ཟེར།

ཁུའུ་ལིས་ཡིས་ལིས་པི་ཡཱས་བརྟན་འཇགས་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་རྒྱལ་ཡོངས་ཁྱབ་ཁོངས་ནས་འདེམ་བསྐོ་སྤེལ་རྒྱུར་རེ་བ་བྱས་ཡོད་པའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ལིས་པི་ཡཱ་རོགས་སྐྱོར་ཚོགས་པས་ཟླ་འདིའི་ཚེས་བཞིན་ཉིན་ཚབ་མཚོན་རང་བཞིན་གྱི་ལིས་པི་ཡཱའི་མི་སྣ་ཉི་ཤུས་གྲུབ་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་ཞིག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཨུ་ཡོན་ལྷན་ཁང་དེས་མཉམ་འབྲེལ་རྒྱལ་ཚོགས་ལིས་པི་ཡཱ་རོགས་སྐྱོར་ཚོགས་པར་བཀོལ་སྤྱོད་བྱེད་ཆོག་ཅིང་ལིས་པི་ཡཱ་མི་སྣ་མང་པོས་ཁས་ལེན་ཐོབ་པའི་གྲོས་གཞི་ཞིག་སྤྲོད་རྒྱུ་ཡིན་ལ། དེའི་རྒྱུ་མཚན་ནི་ལིས་པི་ཡཱའི་འདེམ་བསྐོ་ཆེན་མོའི་འཕེལ་རིམ་ཁྲོད་དུ་ཐག་གཅོད་མ་ཐུབ་པའི་གནད་དོན་ཁ་ཤས་ཐག་གཅོད་རྒྱུའི་ཆེད་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པ་བརྒྱུད་ལིས་པི་ཡཱའི་མིག་སྔའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་གཏོང་བའི་རེ་བ་བྱས་ཡོད།

2011ལོར་ཁཱ་ཀྲ་ཧྥེ་སྲིད་དབང་མགོ་རྟིང་སློག་རྗེས། ལིས་པི་ཡཱ་ཟིང་ཟིང་གི་གནས་སུ་ལྷུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པའི་མི་རིགས་གཅིག་གྱུར་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་ཕྱོགས་ས་ཁུལ་ཚོད་འཛིན་བྱས་ཡོད་ལ། རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་དམངས་དམག་དང་མནའ་འབྲེལ་བྱས་པར་བརྟེན། མི་རིགས་གཅིག་གྱུར་སྲིད་གཞུང་དང་ལིས་པི་ཡའི་མངའ་ཁོངས་སུ་འགལ་བ་གདོང་ཐུག་གི་གནས་སུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུམ་སྒྲིག་འོག ལིས་པི་ཡཱའི་འགལ་བ་ཕྱོགས་གཉིས་ཀྱིས2020ལོའི་ཟླ10པར་སུའེ་ཙེར་གྱི་རི་ནེ་ཝ་རུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། ལོ་དེའི་ཟླ11པར་ཐི་ཉི་སི་ནས་སྤེལ་བའི་ཆབ་སྲིད་གྲོས་མོལ་དུས་སྐབས་སུ་འདེམ་བསྐོའི་ལམ་རིགས་རེའུ་མིག་ཐད་བསམ་ཚུལ་གཅིག་གྱུར་བྱུང་ནས། 2021ལོའི་ཟླ12པར་ཙུང་ཐུང་དང་གྲོས་ཁང་འདེམ་བསྐོ་བྱ་རྒྱུ་འཐད་པ་བྱུང་ཡང་།  དེའི་རྗེས་རྒྱུ་རྐྱེན་གང་མང་གི་དབང་གིས་ལིས་པི་ཡཱའི་གྲོས་ཁང་དང་ཙུང་ཐུང་འདེམ་བསྐོ་བྱ་བ་ཕྱི་སྣུར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།