དབྱི་ལིང་གི་ཙུང་ཐུང་གིས་ཨ་རིས“མཐར་སོན་གནོན་ཤུགས”ཀྱིས་གྲོས་མོལ་གྱི་རྨང་གཞིར་གཏོར་བརླག་བྱས་པར་སྐྱོན་བརྗོད་བྱས།
2025.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས10ཉིན།  དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་ཨ་རིས“མཐར་སོན་གནོན་ཤུགས་སྤེལ”ནས་གྲོས་མོལ་གྱི་རྨང་གཞིར་གཏོར་བརླག་བྱས་པར་སྐྱོན་བརྗོད་བྱས་ཏེ“དགྲ་བོའི་ལྐོག་ཇུས་འགྲུབ་མི་སྲིད”ཅེས་བཤད།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཕེ་ཙེ་ཞི་ཆི་དབྱང་གིས་རྒྱལ་ས་ཐེ་ཧེ་རན་ཨ་ཀྲ་ཏི་ཐང་ཆེན་དུ་བསྡུས་པའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ46འཁོར་བའི་དྲན་གསོའི་བྱེད་སྒོའི་སྟེང་གཏམ་བཤད་སྤེལ་ནས། ལོ46གི་སྔོན་དུ་དབྱི་ལིང་མི་དམངས་ཀྱིས་བཙན་རྒྱལ་པ་དང་གཉའ་གནོན་པ་དབྱི་ལིང་ནས་ཕྱིར་འབུད་བྱས་པ་རེད།  གྲུབ་འབྲས་དེ་འདྲ་ཐོབ་པའི་མན་ངག་ནི་མཐུན་སྒྲིལ་དང་། གོང་བུར་འགྲིལ་ཤུགས། མི་དམངས་མང་ཚོགས་དགེ་མཚན་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་པ་ལས་བྱུང་བ་རེད་ཟེར།

ཁོས་དགྲ་བོ་ཡིས་ཁ་བྲལ་དང་མི་མཐུན་པ་བཟོ་རྩིས་བྱེད་ཀྱི་ཡོད་མོད། འོན་ཀྱང་“དབྱི་ལིང་མི་དམངས་ཀྱིས་བརྙས་བཅོས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པས་དགྲ་བོའི་ལྐོག་ཇུས་འགྲུབ་མི་སྲིད”ཟེར།

ཕེ་ཙེ་ཞི་ཆི་དབྱང་གིས་ཨ་རིས་དབྱི་ལིང་གི“མཐར་སོན་གནོན་ཤུགས་སྤྲོད་པའི”བྱེད་ཐབས་བསྐྱར་དུ་སྤེལ་མགོ་ཚུགས་པར་དགག་ལན་སློག་སྐབས་བཤད་རྒྱུར། “ཁོ་ཚོས་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད་མོད། འོན་ཀྱང་གལ་སྲིད་དངོས་གནས་གྲོས་མོལ་བྱེད་རྩིས་ཡོད་ཚེ་གླེན་རྟགས་ཀྱི་ནོར་འཁྲུལ་དེ་དག་བཟོ་དགོས་དོན་ཅི་ཡིན”ཞེས་བཤད། ཁོས་ད་དུང་དབྱི་ལིང་གིས་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བརླག་བྱས་པའི་སྐོར་གྱི་ཨ་རིའི་བཤད་ཚུལ་ལ་དགག་པ་བརྒྱབ་པ་སྟེ།“ཨ་མེ་རི་ཁའི་རྒྱབ་སྐྱོར་འོག་དབྱི་སི་རལ་གྱིས་ཅ་ཧྲ་དང་། ལེ་པ་ནུན། སི་རི་ཡ། དབྱི་ལིང་སོགས་ས་ཆ་མང་པོར་གང་འདོད་དུ་འབར་མདེལ་འཕངས་པ་དེ་ནི་བདེ་འཇགས་མི་ཡོང་བའི་གཞི་གཙོ་བོ་ཡིན་ཟེར།

ཚེས4ཉིན། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་དྲན་ཐོར་མིང་རྟགས་བཀོད་ནས། ཁོའི་ཙུང་ཐུང་གི་འགན་འཁུར་ཡུན་ཐོག་མའི་ནང་དབྱི་ལིང་ལ་ལག་བསྟར་བྱེད་པའི“མཐར་སོན་གནོན་ཤུགས་སྤྲོད་པའི”བྱེད་ཐབས་རབ་དང་རིམ་པ་བསྐྱར་དུ་མགོ་རྩོམ་རྒྱུའི་ཐག་བཅད་པ་དང་། དེའི་ནང་རྗེས་མར་རྡོ་སྣུམ་ཕྱིར་གཏོང་གཞི་ཁྱོན“ཀླད་ཀོར”བར་གནོན་ཤུགས་སྤྲོད་རྒྱུའི་བྱེད་ཐབས་འཚོལ་ཞིབ་བྱས་ནས་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་བཀག་འགོག་བྱ་རྒྱུརེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།