འཇར་མན་གྱིས་ཨ་རི་དང་སྒོ་ཁྲལ་གྱི་གདོང་ཐུག་འབྱུང་སྲིད་པར་གྲ་སྒྲིག་ཡག་པོ་བྱས་ཡོད།
2025.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཚེས10ཉིན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་དང་གནམ་གཤིས་སྲུང་སྐྱོང་པུའུ་ཡི་མགྲིན་ཚབ་པས་བསྟན་དོན། ཨ་རི་སྲིད་གཞུང་གི་སྒོ་ཁྲལ་བྱ་ཐབས་ཀྱིས་འཇར་མན་གྱི་དཔལ་འབྱོར་ལ་ཕོག་ཐུག་གཏོང་རྒྱུ་ཡིན་པ་དང་། འཇར་མན་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་གྱིས་ཧུར་ཐག་གིས་འབད་བརྩོན་བྱས་ནས་གནས་ཚུལ་དེ་འདྲ་མི་འབྱུང་བར་བརྩོན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཁོས་འཇར་མན་སྲིད་གཞུང་གིས་འབྱུང་སྲིད་པའི་སྒོ་ཁྲལ་གདོང་ཐུག་ལ་གྲ་སྒྲིག་ཡག་པོ་བྱས་ཡོད་པར་བསྟན།

ཚེས9ཉིན།  ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས10ཉིན་ཁོས་ཨ་རིར་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ཚང་མར་སྒོ་ཁྲལ25%སྣོན་བསྡུ་བྱ་དགོས་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད།

མགྲིན་ཚབ་པ་དེས་གནས་ཚུལ་དེ་རིགས་ཐི་ལང་ཕུའུ་ཡི་འགན་འཁུར་ཡུན་དང་པོའི་ནང་བྱུང་མྱོང་ཡོད་ཅེས་བཤད་པ་རེད། སྐབས་དེར་ཨ་རིས་ཡོ་རོབ་མནའ་འབྲེལ་གྱི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱས་པ་དང་ཡོ་རོབ་མནའ་འབྲེལ་གྱིས་འགོག་རྒོལ་གྱི་བྱ་ཐབས་སྤྱད་དེ། པོ་པིན་ཝེ་ཧྲི་ཅི་དང་འཕྲུལ་རྟའི་ཐོན་རྫས་སོགས་ཨ་རིའི་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱས་པ་རེད།

ཁོས་ཨ་རིས་ནང་འདྲེན་བྱས་པའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱས་ཏེ“མཐར་ཕྱོགས་སོ་སོའི་ཁེ་ཕན་ལ་གནོད་འཚེ་གཏོང་སྲིད”ཅེས་ཐ་ཚིག་བསྒྲགས།

དེ་སྔོན་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་ཡིས་གལ་སྲིད་ཨ་རིས་ཡོ་རོབ་མནའ་འབྲེལ་གྱི་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱས་ཚེ། ཡོ་རོབ་མནའ་འབྲེལ་གྱིས་མྱུར་དུ་ལན་སྤྲོད་རྒྱུ་དེ“ཡོ་རོབ་མནའ་འབྲེལ་གྱིས་དུས་ཚོད་གཅིག་གི་ནང་དུ་བྱ་སྤྱོད་སྤེལ་ཆོག”ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།