ཚེས10ཉིན། ཁོང་ཀོའི(ཅིན་ཀོའི)འཕྲོད་བསྟེན་པུའུ་ཡིས་རྒྱལ་ས་ཅིན་ཧྲ་ས་རུ་ཁོང་ཀོའི(ཅིན་ཀོའི)སྨན་བཅོས་ཐད་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྐོར་ཐེངས22པའི་སྨན་བཅོས་རུ་ཁག་གི་རུ་མི་ཡོངས་ལ་གཟི་བརྗིད་རྗེས་དྲན་རྟགས་མ་དང་གཟི་བརྗིད་ལག་ཁྱེར་སྤྲད་དེ་ཁོ་ཚོས་སྨན་བཅོས་རོགས་སྐྱོར་ཁྲོད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས།
ཉིན་དེར་ཀྲུང་གོས་ཁོང་ཀོ(ཅིན)ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས22པ་དང23པ་དེ་ཁོང་ཀོ(ཅིན)རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོན་རུ་རྩིས་སྤྲོད་སྣེ་ལེན་ཚོགས་འདུ་བསྡུས། ཁོང་ཀོ(ཅིན་ཀོ)རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་དང་ཁོང་ཀོ(ཅིན་ཀོ)འཕྲོད་བསྟེན་པུའུ་ཡི་དྲུང་ཡིག་ཆེན་མོ་ཡིའུ་མ་སོགས་ལས་རིགས་སོ་སོའི་འཐུས་མི70ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ཡིའུ་མ་ཡིས་ཤིས་ཚིག་འབུལ་སྐབས་ཁོང་ཀོ་དང་ཀྲུང་གོའི་འཕྲོད་བསྟེན་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་བྱས། ཁོས་ལོ་ངོ50ལྷག་གི་རིང་དུ་རྒྱལ་ཁབ་གཉིས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨའེ་པོ་ལ་རིམས་ནད་དང་། པྲོག་གསར་རིམས་ནད། ་སྤྲེའུ་འབྲུམ་རིམས་ནད་སོགས་སྤྱི་པའི་འཕྲོད་བསྟེན་གྱི་འགྲན་སློང་གི་མདུན་དུ། ཁོང་ཀོ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་བྱས། ཁོང་ཀོ(ཅིན)སྲིད་གཞུང་གིས་ཁོང་ཀོའི་སྨན་བཅོས་ཁ་གཏད་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་རེད།
ཀྲའོ་པིན་གྱིས་ལོ་མང་པོའི་རིང་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ལས་གནས་བརྟན་སྲུང་བྱས་ཏེ། ཀྲུང་གོ་དང་ཁོང་ཀོ་བར་གྱི་སྨན་བཅོས་མཉམ་ལས་དེ་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་བ་དང་། མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ནས་ཉིན་རེ་བཞིན་གྲུབ་འབྲས་མངོན་གསལ་དུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ་ཁོས་ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོའི་སྨན་བཅོས་རུ་ཁག་དང་ཀྲུང་གོ་དང་ཁོང་ཀོའི་འཕྲོད་བསྟེན་མཉམ་ལས་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
རྩིས་སྤྲོད་མཛད་སྒོའི་སྟེང་ཀྲའོ་པིན་དང་ཡིའུ་མ་གཉིས་ཀྱིས་མཉམ་དུ་སྐོར་ཐེངས22པའི་སྨན་བཅོས་རུ་མི་ཚོར་གཟི་བརྗིད་རྗེས་དྲན་རྟགས་མ་དང་གཟི་བརྗིད་ལག་ཁྱེར་སྤྲད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཁོང་ཀོ་ཕྱོགས་ལ་སྨན་བཅོས་དངོས་རྫས་རྩིས་སྤྲོད་བྱས། ཀྲའོ་པིན་གྱིས་སྨན་བཅོས་དངོས་རྫས་རིགས་དེ་དག་གིས་ཀྲུང་གོ་ཕྱོགས་ཀྱིས་ཁང་ཀོ་ཕྱོགས་ལ་སྨན་བཅོས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་གྱི་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱེད་པའི་རེ་བ་ཟབ་མོ་མཚོན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཁོང་ཀོའི(ཅིན)རོགས་སྐྱོར་སྨན་བཅོས་རུ་ཁག་སྐོར་ཐེངས23པ་དེ་མི21ལས་གྲུབ་པ་དང་། ཁོ་ཚོ་སོ་སོར་ཅིན་ཧྲ་ས་དང་ཤར་ལྷོའི་གྲོང་ཁྱེར་ལུའུ་པིན་པ་ཞི་སོགས་སུ་མངགས་ནས་ས་གནས་དེའི་མི་དམངས་མང་ཚོགས་ལ་མུ་མཐུད་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།