ཧ་མ་སིས་སྐོར་ཁག་རྗེས་མའི་བཀག་འཇུག་མི་སྣ་ཕྱིར་གཏོང་བྱ་བ་ཕྱི་སྣུར་བྱེད་རྒྱུའི་ཚུལ་བསྟན།
2025.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་གཏོགས་ཀྱི་དྲག་ཆས་ཕྱོགས་ཁག་ཁཱ་སང་གི་མགྲིན་ཚབ་པ་ཨ་པུའུ་ཝུའུ་པན་ཏ་ཡིས་ཚེས10ཉིན་གསལ་བསྒྲགས་སྤེལ་ཏེ། སྔོན་ནས་གཏན་ཁེལ་བྱས་པའི་ཚེས15ཉིན་བཀག་འཇུག་མི་སྣ་ཕྱིར་གཏོང་བྱེད་པའི་ལས་དོན་བརྡ་སྦྱོར་གཞན་པ་སྤེལ་རག་བར་དུ་ཕྱི་སྣུར་བྱ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། འདས་པའི་གཟའ་འཁོར་གསུམ་རིང་། ཧ་མ་སིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཀྱི་ལས་རིམ་བརྩི་སྲུང་མི་བྱེད་པ་དང་རྒྱབ་འགལ་བྱས་པའི་བྱ་སྤྱོད་རབ་དང་རིམ་པ་ཤེས་རྟོགས་བྱུང་ཞིང་། དེའི་ཁྲོད་ཡུལ་གྱར་བ་ཕྱིར་ཅ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་སུ་ཡོང་བར་བཀག་འགོག་དང་། ཅ་ཧྲ་ས་ཁུལ་གྱི་ས་གནས་མང་པོར་འཇབ་རྒོལ་བྱས་པ། རིགས་སོ་སོའི་རོགས་སྐྱོབ་དངོས་རྫས་ནང་འདྲེན་བྱེད་པ་གཏན་ཁེལ་གྱི་བྱེད་ཐབས་དང་མི་མཐུན་པ་སོགས་འདུས་ཡོད། ཧ་མ་སིས་འབྲེལ་ཡོད་འོས་འགན་ཚང་མ་ལག་བསྟར་བྱས་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་བྱ་སྤྱོད་དེ་དག་གི་དབང་གིས། སྔོན་ནས་གཏན་འཁེལ་བྱས་པའི་ཚེས15ཉིན་བཀག་འཇུག་མི་སྣ་ཕྱིར་གཏོང་བྱེད་པ་ཕྱི་སྣུར་བྱས་པ་ཡིན་ལ། དབྱི་སི་རལ་གྱིས་འདས་པའི་གཟའ་འཁོར་འགའི་རིང་སྤེལ་བའི་བྱ་སྤྱོད་ལ་ཁ་གསབ་སྤྲོད་རྒྱུ་ཁས་ལེན་བྱེད་རག་བར་ཕྱི་སྣུར་བྱས་པ་ཡིན་ཟེར། གསལ་བསྒྲགས་ལས་དབྱི་སི་རལ་གྱི་གྲོས་ཆོད་ཀྱི་ལས་རིམ་བརྩི་སྲུང་བྱེད་ན། ཧ་མ་སིས་ཁས་ལེན་བརྩི་སྲུང་བྱེད་པར་ནན་བཤད་བྱས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།