དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཚེས10ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་སྐོར་ཁག་རྗེས་མའི་བཀག་འཇུག་མི་སྣ་ཕྱིར་གཏོང་རྒྱུ་ཕྱི་སྣུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་ཕྱིན་ལན་སྤྲད་དེ། ཧ་མ་སིའི་བྱེད་སྟངས་འདི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་ཡོངས་སུ་འགལ་ཡོད་ཟེར།
ཁཱ་ཚི་ཡིས་བཤད་རྒྱུར། ཁོས་དབྱི་སི་རལ་རྒྱལ་སྲུང་དམག་གིས་རིམ་པ་ཆེས་མཐོ་བའི་ཉེན་འགོག་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་བཀའ་ཕབ་ཏེ། ཅ་ཧྲ་ས་ཁུལ་དུ་འབྱུང་སྲིད་པའི་གནས་ཚུལ་གང་རུང་ལ་ཁ་གཏད་འཇལ་རྒྱུ་མ་ཟད། དབྱི་སི་རལ་མཐའ་མཚམས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།
ཧ་མ་སིས་ཚེས10ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧ་མ་སི་ཡིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཀྱི་ལས་རིམ་བརྩི་སྲུང་མི་བྱེད་པ་དང་རྒྱབ་འགལ་བྱས་པའི་བྱ་སྤྱོད་རབ་དང་རིམ་པ་ཤེས་རྟོགས་བྱུང་བས། སྔོན་ནས་གཏན་འཁེལ་བྱས་པའི་ཚེས15ཉིན་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་བྱེད་སྒོ་དེ་བརྡ་སྦྱོར་གཞན་པ་གཏོང་རག་བར་དུ་ཕྱི་སྣུར་བྱས་པ་ཡིན་ཅེས་བཤད།
ཟླ1ཚེས15ཉིན། དབྱི་སི་རལ་དང་ཧ་མ་སིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལེགས་འགྲུབ་བྱུང་ཞིང་། གྲོས་ཆོད་དེ་ཟླ1ཚེས19ཉིན་ནུས་ལྡན་དུ་གྱུར། དམག་འཁྲུག་མཚམས་འཇོག་པའི་དུས་རིམ་དང་པོ་གཟའ་འཁོར་དྲུག་རིང་རྒྱུན་སྲིང་བྱས་ཤིང་། བར་སྐབས་དེར་ཕྱོགས་གཉིས་ཀྱིས་རང་སོ་སོས་བཀག་འཇུག་བྱས་པའི་མི་སྣ་སྐོར་ཞིག་བརྗེ་སྤོར་བྱས། ཟླ2ཚེས8ཉིན། ཧ་མ་སི་དང་དབྱི་སི་རལ་གྱི་སྐོར་ལྔ་པའི་བཀག་འཇུག་མི་སྣ་བརྗེ་སྤོར་བྱ་བ་ལེགས་འགྲུབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།